བལ་ཡུལ་དང་བོད་གཉིས་དབར་ལོ་རྒྱུས་ཀྱི་འབྲེལ་ལམ་དམ་ཟབ་ཡོད། ༧གོང་ས་མཆོག་གིས།
2019.11.13

དགའ་ལྡན་ཕོ་བྲང་གི་དྲ་རྒྱ་ཐོག་གནས་ཚུལ་སྤེལ་བ་གཞིགས་ན། ཕྱི་ཚེས་༡༣ཉིན་བལ་ཡུལ་ནས་ཡིན་པའི་གཞོན་སྐྱེས་ཀྱི་འགོ་ཁྲིད་ཚོགས་པའི་ཚོགས་མི་༣༠ཙམ་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གཟིམ་ཆུང་ནང་མཇལ་ཁ་དང་བཀའ་སློབ་བསྩལ་གནང་ཡོད་པ་རེད།
སྐབས་དེར་༧གོང་ས་མཆོག་གིས་བལ་ཡུལ་དང་བོད་གཉིས་དབར་ལོ་རྒྱུས་ཀྱི་འབྲེལ་ལམ་དམ་ཟབ་ཡོད་པ་ཞིག་ཡིན་དུས། དེ་རིང་ཁྱེད་རྣམས་དང་མཇལ་འཕྲད་བྱུང་བ་དགའ་སྤོབས་ལྡན་པ་ཞིག་རེད་ཅེས་དང་། སྔར་བོད་ཀྱི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བལ་ཡུལ་གྱི་བཙུན་མ་བཞེས་ཡོད་པ་དང་། དེ་བཞིན་བོད་ཀྱི་རྒྱལ་ས་ལྷ་སའི་ཇོ་ཁང་བཞེངས་པའི་སྐབས་སུ་བལ་པོའི་ལག་ཤེས་མི་སྣ་མང་པོས་ཕྱག་རོགས་ཞུས་ཡོད་པ་སོགས་ཀྱི་སྐོར་བཀའ་མོལ་གནང་འདུག ཡང་ཚོགས་པ་དེའི་འགོ་ཁྲིད་ཨ་ཇིཏ་ ཤན(Ajit Shan)་ཞུ་བས་ད་ལན་༧གོང་ས་མཆོག་མཇལ་ཁ་ཞུ་རུ་ཡོང་མཁན་ཁྲོད་ནང་པ་དང་། ཧིན་ཏུ་དེ་བཞིན་ཁ་ཆེ་སོགས་ཡོད་ཅིང་ཁོང་རྣམ་པ་ནི་རྒྱལ་སྤྱིའི་འགོ་ཁྲིད་ཚོགས་པ་YPOཟེར་བ་དེའི་ཁོངས་མི་ཡིན་པ་དང་། ཁོང་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བདེ་སྐྱིད་ཀྱི་རྩ་བ་ཇི་ཡིན་མིན་སོགས་ཀྱིས་སྐོར་བཀའ་འདྲི་སྐབས་སུ། ༧གོང་ས་མཆོག་གིས་འཚེ་མེད་ཞི་བ་དང་བྱམས་སྙིང་རྗེའི་སྐོར་བཀའ་ལན་ཟབ་པོ་གནང་ཡོད་པའི་འགྲེལ་བརྗོད་གནང་འདུག