༧གོང་ས་མཆོག་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་ཡོད་པ།
2015.02.14

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཨ་མི་རི་ཀ་དང་ཡོ་རོབ་ཁུལ་གྱི་མཛད་འཆར་ལེགས་གྲུབ་ཀྱིས། དེ་རིང་ཕྱི་ཟླ་ ༢ ཚེས་ ༡༤ ཉིན་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་རྒྱལ་ཡོངས་ཐུགས་སྨོན་གསོལ་ཚིགས་གོ་སྒྲིག་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཕྱི་ཟླ་ ༢ ཚེས་ ༣ ཉིན་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་དུ་ཞབས་སོར་འཁོད་གནང་མཛད་པ་དང་། ཕྱི་ཚེས་ ༤ ཉིན་ཨ་རིའི་གྲོས་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་རྒྱལ་ཡོངས་ཐུགས་སྨོན་གསོལ་ཚིགས་ཐོག་ཆེད་བཅར་ཞུས་པའི་ཚོགས་མི་ཡོངས་ལ་བཀའ་སློབ་གསུང་བཤད་བསྩལ་གནང་མཛད་ཡོད་ཅིང་། ཕྱི་ཚེས་ ༥ ཉིན་ཨ་མི་རི་ཀའི་སྲིད་འཛིན་བྷ་རཀ་ཨོ་བྷ་མཆོག་དབུ་ཞུགས་ཐོག་བསྐྱངས་པའི་ཨ་རིའི་རྒྱལ་ཡོངས་ཐུགས་སྨོན་གསོལ་ཚིགས་ཀྱི་ཐོག་ཆིབས་བསྒྱུར་བསྐྱངས་པ་དང་། སྲིད་འཛིན་ཨོ་བྷཱ་མ་མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་གྲོགས་པོ་བཟང་པོ་ཞིག་ཡིན་པར་མ་ཟད། ཁོང་ནི་བྱམས་སྙིང་རྗེ་ཉམས་བཞེས་གནང་པའི་གྲུབ་འབྲས་ཀྱི་དཔེ་མཚོན་ནུས་པ་ལྡན་པ་ཞིག་ཡིན་ལ། ཁོང་གིས་འགྲོ་བ་མི་ཐམས་ཅད་ཀྱི་རང་དབང་དང་ཆེ་མཐོང་ཆེད་འཐབ་རྩོད་གནང་རྒྱུར་ང་ཚོར་བློ་སྤོབས་འབྱིན་གནང་མཁན་ཞིག་ཀྱང་ཡིན། ངས་ཁོང་ཕོ་བྲང་དཀར་པོའི་ནང་ལན་མང་གདན་འདྲེན་ཞུ་རྒྱུའི་གོ་སྐབས་བྱུང་ཞིང་། ད་རེས་ཁོང་ང་ཚོ་མཉམ་དུ་འདི་གར་ཆེད་ཕེབས་ཐུབ་པར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན་ཞེས་གསུངས་ཏེ་ཆེ་བསྟོད་ཆེན་པོ་ཞུས་ཡོད་པ་རེད།
ཕྱི་ཚེས་ ༥ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་ཁ་ཆེའི་བླ་ཆེན་དང་དེ་མིན་ཁ་ཆེའི་ཆོས་ཐོག་གི་མཁས་པའི་མི་སྣ་ཁག་གཅིག་དང་མཇལ་འཕྲད་གནང་ཞིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་ཁ་ཆེའི་ཆོས་བྱེད་པ་ཁག་གཅིག་གིས་དྲག་སྤྱོད་འཚེ་བའི་ལས་རྩོམ་བཞིན་པའི་རྒྱུ་མཚན་གྱིས་ཁ་ཆེའི་ཆོས་ལུགས་དེ་ངན་པ་ཞིག་ཡིན་པའི་བལྟ་ཚུལ་བཟུང་ན་མི་འགྲིག་པའི་སྐོར་བཀའ་གནང་ཡོད་པ་རེད། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ནས་ཕྱི་ཚེས་ ༥ ཉིན་ཕེབས་ཐོན་གྱིས་ཕྱི་ཚེས་ ༦ ཉིན་སུད་སིའི་གྲོང་ཁྱེར་ སྦ་སེལ་རུ་ཞབས་སོར་འཁོད་གནང་མཛད་པ་དང་། བོད་མི་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དགའ་བསུ་ཞུ་མཁན་སྟོང་ཕྲག་མང་པོས་ཕེབས་བསུ་ཞུས་ཤིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཉིན་གྲངས་གཉིས་རིང་ཆོས་འབྲེལ་གསུང་ཆོས་དང་མང་ཚོགས་ལ་བཀའ་སློབ། བོད་མི་ཚོར་དམིགས་བསལ་བཀའ་སློབ་བསྩལ་གནང་མཛད་ཡོད་པ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་ཚོར་བོད་ཀྱི་ཆོས་དང་རིག་གཞུང་ལ་སྦྱང་བརྩོན་བྱེད་དགོས་པ་བཀའ་གནང་ཞིང་། བོད་མི་རིགས་འཕེལ་གཏོང་དགོས་པའི་སྐོར་བཀའ་སློབ་ནན་ཏན་ཕེབས་ཡོད་པ་རེད། ཕྱི་ཚེས་ ༩ ཉིན་སུད་ཛར་ལེནཌ་ནས་ཕེབས་ཐོན་གྱིས་ནོར་ཝེའི་ཡུལ་གྲུའི་གྲོང་ཁྱེར་ Trondheim རུ་ཚུགས་པའི་རྒྱལ་སྤྱིའི་སློབ་ཕྲུག་དུས་སྟོན་དུ་ཆིབས་བསྒྱུར་གྱིས་སློབ་ཕྲུག་ཚོར་དུས་རབས་ཉི་ཤུ་རྩ་གཅིག་པ་འདི་ཞི་བདེ་ལྡན་པའི་དུས་རབས་ཤིག་བཟོ་རྒྱུར་འགན་འཁུར་བླངས་དགོས་པའི་བཀའ་སློབ་བསྩལ་ཡོད་པ་རེད། ཕྱི་ཚེས་ ༡༠ ཉིན་ནོར་ཝེ་ནས་ཌེན་མརཀ་རུ་ཆིབས་ཐོན་མཛད་པ་དང་། ཁུལ་དེར་ཕྱི་ཚེས་ ༡༡ ཉིན་མང་ཚོགས་ལ་བཀའ་སློབ་དང་གསར་འགོད་པ་མཇལ་འཕྲད། བོད་མི་ཚོར་བཀའ་སློབ་སོགས་བསྩལ་གནང་མཛད་ཅིང་། ཕྱི་ཚེས་ ༡༢ ཌེན་མརཀ་གྲོས་ཚོགས་ཀྱི་འཐུས་མི་བཅོ་ལྔ་ཙམ་དང་མཇལ་འཕྲད་དང་དེ་རྗེས་བློ་སྦྱོང་ཚིགས་བརྒྱད་མའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་བསྩལ་གནང་མཛད་ཡོད་པ་རེད། ཕྱི་ཚེས་ ༡༣ ཉིན་ཌེན་མརཀ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བརྒྱུད་དེ་རིང་ཕྱི་ཚེས་ ༡༤ ཉིན་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་འཁོད་ཡོད་པ་རེད།།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།