༧གོང་ས་མཆོག་བཞུགས་སྒར་དུ་ཞབས་སོར་འཁོད་གནང་ཡོད་པ།
2015.10.03

༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རི་ནས་ཆིབས་ཞལ་བསྒྱུར་ཏེ་དེ་རིང་ཕྱི་ཚེས་༣གཟའ་སྤེན་པའི་ཉིན་བཞུགས་སྒར་དུ་༧ཞབས་སོར་བདེ་བར་འཁོད་གནང་མཛད་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ད་རེས་ཨིན་ཡུལ་ནང་བཞུགས་ཞག་ཉིན་གྲངས་དགུ་ལྷག་རིང་མཛད་འཕྲིན་བསྐྱངས་གནང་བ་ཁག་ལེགས་གྲུབ་ཟིན་པའི་རྗེས་སུ་ཨ་རིའི་མེ་ནི་སོ་ཀྲ་མངའ་སྡེའི་ནང་གི་Rochester གྲོང་ཁྱེར་ནང་ཡོད་Mayo སྨན་ཁང་ལ་རྒྱུན་ལྡན་ལྟར་སྐུའི་འཕྲོད་བཞེས་བརྟག་དཔྱད་ཆེད་ཆིབས་བསྒྱུར་བསྐྱངས་གནང་ཡོད་པ་དང་། སྨན་པ་རྣམས་ནས་༧གོང་ས་མཆོག་སྐུ་ངལ་གསོས་དགོས་པའི་ཞབས་སྐུལ་ཞུས་པ་བཞིན་ཕྱི་ཟླ་༡༠པའི་ཨ་རིའི་ནང་གི་ཆིབས་བསྒྱུར་མཛད་འཕྲིན་བསྐྱངས་གནང་འཆར་ཁག་ཕྱིར་འཐེན་གནང་ཡོད་པ་རེད། ༧གོང་ས་མཆོག་ཨ་རི་ནས་རྒྱ་གར་དུ་ཆིབས་ཞལ་བསྒྱུར་སྐབས་གནམ་ཐང་དུ་གསར་འགོད་པ་ཚོར་གང་ཉིད་སྐུ་གསལ་ཐང་ཡིན་པ་དང་ད་རེས་ཨ་རིའི་ནང་ལོ་རེའི་རྒྱུན་ལྡན་གྱི་སྐུ་གཟུགས་བརྟག་དཔྱད་གནང་བར་ཕེབས་པ་ཡིན་རྩ་བའི་ཆ་ནས་སྐུ་གཟུགས་གསལ་ཐང་ཡིན་པ་བཀའ་གནང་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དུ་༧ཞབས་སོར་འཁོད་པའི་སྐབས་ས་གནས་བོད་མི་དང་རྒྱ་གར་བ་མི་གྲངས་སྟོང་ཕྲག་བརྒལ་བས་ཕེབས་ལམ་གཡས་གཡོན་དུ་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་འདུག ཞིབ་ཕྲའི་གནས་ཚུལ་གཤམ་ལ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས་ཞུ༎
གསར་འགོད་པ་འཆི་མེད།
གསར་འགོད་པ་ཨོ་རྒྱན་བསྟན་འཛིན།