བོད་ཀྱི་བུད་མེད་ལྷན་ཚོགས་གཙོས་ཚོགས་སྡེ་ཁག་ཅིག་གིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ།
ཕྱི་ལོ་ ༢༠༢༤ ཟླ་བ་ ༩ ཚེས་ ༡༨ ཉིན་གྱི་སྔ་དྲོར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ། བོད་ཀྱི་བོད་མེད་ལྷན་ཚོགས་དང་། ལྷ་སའི་མཐུན་གྲོགས་རྫོང་ཁག དེ་བཞིན་ཌལ་ཧོར་སློབ་ཟུར་ཚོགས་པ་བཅས་ཐུན་མོང་ནས་བརྟན་བཞུགས་བསྟར་འབུལ་ཞུས་གནང་སོང་། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བོད་མི་ཙམ་དུ་མ་ཟད་རྒྱ་ནག་གི་མི་མང་ཡོངས་ལའང་མགོན་པོ་མཆོག་ནས་ཞབས་འདེགས་གྲུབ་རྒྱུའི་ལས་དང་སྨོན་ལམ་ཡོད་པ་གསལ་པོ་མཁྱེན་རྟོགས་ཆེན་པོ་། མུ་མཐུད་ནས་སངས་རྒྱས་ཀྱི་དགོངས་པ་དང་མཐུན་པའི་ཧུར་ཐག་གནང་རྒྱུའི་ཞལ་བཞེས་མཛད་གནང་སོང་བ་མ་ཟད། བོད་མི་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས་ཞུམ་པ་མེད་པ་དེ་བཞིན་མུ་མཐུད་ཧུར་ཐག་གནང་གལ་ཆེ་བ་ཡིན་ཞེས་བཀའ་སློབ་སྩལ་གནང་མཛད་སོང་།
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་བརྟན་བཞུགས་བསྟར་འབུལ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་གསུམ་ལ་བཀའ་འདྲི་ཞུས་པར། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་ཀྱིས། ཐེངས་འདིར་བོད་ཀྱི་བུད་མེད་ལྷན་ཚོགས་དང་ལྷ་ས་མཐུན་གྲོགས་རྫོང་ཁག་བརྒྱད། དེ་བཞིན་ཌལ་ཧོར་སློབ་ཟུར་བཅས་ཚོགས་པ་གསུམ་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་དེ་ཤིན་ཏུ་ནས་ཚགས་ཚུད་དང་བཀྲ་ཤིས་ལེགས་གྲུབ་བྱུང་ཡོད་པས། ད་བར་བྱུང་མྱོང་མེད་པའི་བརྗོད་དཀའ་བའི་ཚོར་བ་དམིགས་བསལ་བ་ཞིག་བྱུང་ཡོད་པ་འགྲེལ་བརྗོད་གནང་གི་འདུག་ལ། ལྷ་ས་མཐུན་གྲོགས་རྫོང་ཁག་གི་སློབ་སྟོན་པ་ར་སྟོད་དགེ་བཤེས་བློ་བཟང་གྲགས་པ་ལགས་ཀྱིས། ཐེངས་འདིར་༸གོང་ས་མཆོག་དགུང་གྲངས་ ༩༠ ལ་ཕེབས་ཀྱི་ཡོད་པ་དང་བསྟུན། ཆོས་དབྱངས་དང་བཅས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བྱུང་བར་དམིགས་བསལ་གི་ཚོར་བ་བཟང་པོ་ཞིག་བྱུང་ཡོད་པ་གསུངས་བྱུང་། གཞན་ཡང་ཌལ་ཧོར་སློབ་ཟུར་ཚོགས་པའི་ཚོགས་གཙོ་བསོད་ནམས་ལགས་ཀྱིས། ཐེངས་འདིའི་བརྟན་བཞུགས་ནི་དམིགས་བསལ་འདོད་བློ་འཚིམ་པ་ཞིག་བྱུང་ཡོད་པ་དང་། ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཀྱི་དགོངས་པ་བཞིན་དུ་བཀའ་གསུང་ཅི་སྒྲུབ་གནང་རྒྱུའི་ཌལ་ཧོར་སློབ་ཟུར་ཡོངས་ནས་མཁས་ལེན་དམ་བཅའ་ཞུས་པ་ཡིན་ཞེས་གསུངས་བྱུང་།
རྩ་བའི་ཐེངས་འདིའི་བརྟན་བཞུགས་བསྟར་འབུལ་ཁྲོད། བོད་ཀྱི་བུད་མེད་ལྷན་ཚོགས་ཡན་ལག་དང་བཅས་པ་ནས་ཁྱོན་མི་གྲངས་ ༢༡༡ ལྷག་ཙམ་དང་། ཌལ་ཧོར་སློབ་ཟུར་ཚོགས་པ་ནས་ ༥༥༠ ལྷག དེ་བཞིན་ལྷ་ས་མཐུན་གྲོགས་རྫོང་ཁག་ནས་མི་གྲངས་ ༦༠༠ ལྷག་བཅས་ཁྱོན་མི་གྲངས་ ༡༣༦༡ ཙམ་ནས་མཉམ་བཞུགས་གནང་ཡོད་པ་དང་། ༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་དེ་བཞིན་མགོན་པོ་མཆོག་ཨ་མི་རི་ཀ་ནས་ཞབས་པུས་སྨན་བཅོས་རྗེས་ཕྱིར་བཞུགས་སྒར་དུ་ཞབས་སོར་འཁོད་རྗེས་དད་ལྡན་མང་ཚོགས་ཀྱིས་བརྟན་བཞུགས་བསྟར་འབུལ་གནང་བ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་པ་རེད།
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།