༸གོང་ས་མཆོག་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཆིབས་བསྒྱུར།
2009.10.05
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཕྱི་ཚེས་ལྔ་ཉིན་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་དུ་ཆིབས་བསྒྱུར་གྱིས་བཞུགས་བཞག་དྲུག་རིང་མཛད་འཕྲིན་བསྐྱངས་རྒྱུ་ཡིན་པ་དང་དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་རེས་ཁེ་ན་ཌ་དང་ཨ་རིའི་ནང་གི་མཛད་འཆར་ཁོངས་ཀྱི་མཐའ་མ་དེ་ཡིན་ཞིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་ནང་གི་མཛད་འཆར་ཁོངས་སུ་འདས་གྲོངས་སུ་ཕེབས་ཟིན་པའི་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ལྷན་ཁང་གི་འགན་འཛིན་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀྲོམ་ལེན་ཀྲོ་སི་ཡི་མཚན་ཐོག་གི་འགྲོ་བ་མིའི་ཐོབ་ཐང་བྱ་དགའ་དེ་བཞིན་༸གོང་ས་མཆོག་ལ་འབུལ་བཞེས་གནང་རྒྱུ་ཡིན་པ་དང་དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བདེན་པའི་སྒྲོན་མེའི་གཟེངས་རྟགས་དེ་བཞིན་ཚོགས་པ་ཁག་གཉིས་ལ་གནང་རྒྱུའི་རྟེན་འབྲེལ་མཛད་སྒོའི་ཐོག་ཆིབས་བསྒྱུར་གནང་རྒྱུ་ཡིན་ཞིང་དེ་མིན་ཉིན་གྲངས་གཉིས་རིང་སེམས་ཁམས་དང་མི་ཚེ་ཞེས་པའི་བརྗོད་གཞིའི་ཐོག་ནུབ་ཕྱོགས་ཀྱི་ཚན་རིག་མཁས་པ་དང་སྲིད་དོན་པ་ སློབ་གྲའི་དགེ་རྒན་སོགས་དང་ལྷན་དུ་ནང་ཆོས་དང་ཚན་རིག་དབར་བགྲོ་གླེང་ལྷན་ཚོགས་ཐོག་ཆིབས་བསྒྱུར་བསྐྱངས་གནང་མཛད་རྒྱུ་དང་གཞན་ཡང་༸གོང་ས་མཆོག་ནས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་གིས་གཙོས་པའི་ཨ་རིའི་གྲོས་ཚོགས་གོང་འོག་གི་ཚོགས་མི་རྣམ་པ་དང་མཇལ་མོལ་གནང་རྒྱུ་མ་ཟད་ཨ་རིའི་རྒྱལ་ས་དང་དེའི་ཉེ་འཁོར་དུ་གནས་པའི་རྒྱ་རིགས་རྩོམ་པ་པོ་དང་མཁས་དབང་རྣམས་དང་ཡང་མཇལ་མོལ་གནང་རྒྱུའི་མཛད་འཆར་ཡོད་པ་དང་ཕྱི་ཚེས་བཅུ་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་ཞུ་བ་ཚོར་ཉིན་ཕྱེད་རིང་གསུང་ཆོས་དང་དེ་རྗེས་ལྦ་ཤིང་ཀྲོན་མངའ་ཁུལ་གནས་སྡོད་བོད་མི་ཚོར་བཀའ་སློབ་བཀའ་དྲིན་བསྐྱངས་གནང་རྒྱུའི་མཛད་འཆར་ཡོད་པ་དང་ཕྱི་ཚེས་བཅུ་ཉིན་རྒྱབ་༸གོང་ས་མཆོག་ཨ་རིའི་རྒྱལ་ས་ལྦ་ཤིང་ཀྲོན་ནས་རྒྱ་གར་ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་མཛད་རྒྱུ་ཡིཔ་རེད།