༸གོང་ས་མཆོག་ནིའུ་ཛི་ལེན་ཌི་ནང་ཞབས་སོར་འཁོད་ཡོད་པ།
2009.12.05
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ནིའུ་ཛི་ལེན་ཌིའི་གྲོང་ཁྱེར་ཨོཀ་ལེན་ཌི་ནང་མང་ཚོགས་ཆིག་སྟོང་ལྷག་ཙམ་ལ་ཞི་བདེ་ལྡན་པའི་སེམས་ཞེས་པའི་བརྗོད་གཞིའི་ཐོག་གསུངས་བཤད་བཀའ་སློབ་བསྩལ་གནང་མཛད་འདུག།
ནིའུ་ཛི་ལེན་ཌི་ནང་གི་ནང་པའི་ཆོས་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སང་ཉིན་རེས་གཟའ་ཉི་མའི་ཉིན་ཁུལ་དེའི་ལྦེཀ་ཊར་རྩེད་ཁང་ཆེན་མོའི་ནང་དད་ལྡན་ཆོས་ཞུ་བ་ཚོར་གསུང་ཆོས་བཀྲིན་ཆེ་གནང་མཛད་རྒྱུ་ཡིན་པ་རེད། ཨོ་སི་ཀྲོ་ལི་ཡའི་ནང་གི་མཛད་འཆར་ལེགས་པར་གྲུབ་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རེས་གཟའ་པ་སངས་ཉིན་ནིའུ་ཛི་ལེན་ཌི་ནང་ཞབས་སོར་འཁོད་ཡོད་པ་དང༌། ཉིན་དེར་ཡུལ་དེའི་ཕྱོགས་འགལ་ལཱེ་སྦར་ཚོགས་པའི་དབུ་ཁྲིད་ཕིལ་གོལ་ཕི་ཡིས་༧གོང་ས་མཆོག་དང་མཇལ་འཕྲད་བཀའ་མོལ་ཞུས་གནང་འདུག། འོན་ཀྱང་སྲིད་བློན་ཇཱོན་ཀི་ཡིས་༧གོང་ས་མཆོག་དེ་སྔོན་མཇལ་འཕྲད་ཞུས་ཡོད་པར་བརྟེན་ད་རེས་བསྐྱར་དུ་མཇལ་འཕྲད་ཞུ་རྒྱུ་མིན་པའི་རྒྱུ་མཚན་གསུངས་བཞག།
ནིའུ་ཛི་ལེན་ཌི་ཡུལ་གྱི་སྲིད་བློན་ཇཱོན་ཀི་མཆོག་གིས་ད་རེས་བོད་མིའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་མ་ཞུས་པའི་རྒྱུ་མཚན་དེ་བཞིན་རྒྱ་ནག་གི་གནོན་ཤུགས་འོག་གནང་བ་ཞིག་མིན་སྐོར་ཉེ་ཆར་ཕྱི་ཟླ་བཅུ་གཅིག་པའི་ནང་འགྲེལ་བརྗོད་གནང་ཡོད་པ་རེད། སྐབས་དེར་སྲིད་བློན་མཆོག་གིས་གནད་དོན་དེ་ཚོའི་ཐད་རྒྱ་ནག་གི་བྱེད་སྟངས་ང་ཚོས་ཤེས་རྟོག་ཡོད་། ཡིན་ནའང་ཕྱོགས་གཞན་པ་ནས་རྒྱུ་མཚན་དེ་གཙོ་ཆེ་བ་ཆགས་ཡོག་མ་རེད་ཅེས་༧གོང་ས་མཆོག་དང་མཇལ་འཕྲད་ཞུ་རྒྱུ་མིན་པའི་ཐག་གཅོད་དེ་རྒྱ་ནག་གི་གནོན་ཤུགས་སྤྲད་པའི་འོག་གནང་མེད་ཁུལ་གསུངས་ཡོད་པ་ནིའུ་ཛི་ལེན་ཌི་གསར་ལམ་གྱིས་ལུང་འདྲེན་བྱས་འདུག།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནིའུ་ཛི་ལེན་ཌི་ནང་ཉིན་གྲངས་གཉིས་རིང་གི་ཆོས་འབྲེལ་མཛད་འཆར་སྐྱོང་གནང་མཛད་བཞིན་ཡོད་པ་རེད།