༸གོང་ས་མཆོག་ནས་རྒྱ་རིགས་ཆོས་ཞུ་བར་མཇལ་ཁ།
2010.01.07
༄༄༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གནས་མཆོག་རྡོ་རྗེ་གདན་དུ་རྒྱ་རིགས་ཆོས་ཞུ་བ་ཚོར་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་གནང་ཡོད་འདུག
བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ཚེས་ལྔ་ནས་བཟུང་གནས་མཆོག་རྡོ་རྗེ་གདན་དུ་ཆོས་འབྲེལ་གནང་རྒྱུ་དབུ་འཛུགས་གནང་ཡོད་པ་མ་ཟད་ཕྱི་ནང་དད་ལྡན་པ་མི་མང་ལྔ་ཁྲི་ཙམ་ཆེད་བཅར་ཞུས་ཡོད་འདུག འདི་ཚེས་ལྔ་ཉིན་དམིགས་བསལ་རྒྱ་ནག་དང་ཐའེ་ལྦན་ གཞན་ཡང་ཕྱི་རྒྱལ་ཡུལ་གྲུ་གཞན་ནས་བཅར་བའི་རྒྱ་རིགས་ཆོས་ཞུ་བ་བཞི་བརྒྱ་ལྷག་ཙམ་ལ་མཇལ་ཁ་དང་བཀའ་སློབ་བཀྲིན་སྩལ་གནང་བའི་ནང་དོན་གཙོ་བོར། རྒྱ་རིགས་ཆོས་གྲོགས་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་གི་བསླབ་པ་རྒན་གཞོན་བརྩིས་ན་ཁྱེད་རང་ཚོ་བསླབ་པ་རྒན་པ་དང་ང་ཚོ་གཞོན་པ་རེད། བྱས་ཙང་གཞོན་པས་རྒན་པ་ཁྱེད་ཚོར་གུས་བཏུད་ཡོད་ཅེས་བཀའ་གནང་བ་དང་དེ་དང་ཕྱོགས་མཚུངས་༸གོང་ས་མཆོག་གིས་དེང་སང་འཛམ་གླིང་འདིའི་སྟེང་ཡ་རབས་ཀུན་སྤྱོད་མི་འདང་པའི་དཀའ་ངལ་ཞིག་འཕྲད་བཞིན་ཡོད་རེད། རྒྱ་ནག་སྐམ་ས་ཆེན་པོ་ཡང་དེ་བཞིན་དཀའ་ངལ་མང་དག་འཕྲད་བཞིན་ཡོད་པ་བཤད་ཀྱི་འདུག
ཡ་རབས་དང་དྲང་བདེན་གྱིས་མ་འདང་པའི་སྐབས་ལ་སྡུག་པོ་མྱོང་མཁན་མི་དེ་སྐྱོ་བ་དེ་ཆགས་ཀྱི་ཡོད་རེད། རྒྱུ་དང་དབང་ཡོད་མཁན་ཚོ་སེམས་སྐྱིད་པོ་དེ་ཙམ་མེད་ཀྱང་འགྲིག་འགྲོ་གི་ཡོད་རེད། བྱམས་བརྩེ་དང་དྲང་བདེན་མ་བྱུང་ན་འགྲོ་བ་མི་རྣམས་ལ་དཀའ་ངལ་ཧ་ཅང་ཆེན་པོ་རེད་ དེ་ཡང་ཆོས་བྱེད་དགོས་པ་དམིགས་བསལ་ཁྱབ་པ་མེད། ཆོས་དང་མ་འབྲེལ་བའི་ཐོག་ནས་ཡ་རབས་བཟང་སྤྱོད་གོང་མཐོར་སྤེལ་རྒྱུ་ཞིག་ང་ཚོས་ཐབས་ཤེས་བྱེད་ཐུབ་ཀྱི་རེད་ལ་བྱེད་དགོས་ཀྱི་རེད་ཅེས་བཀའ་སློབ་སྩལ་གནང་ཡོད་པ་རེད།