༧གོང་ས་མཆོག་ལྔ་དང་ལྔ་བཅུའི་ཚོགས་འདུའི་ཐོག་ཆིབས་བསྒྱུར་བསྐྱངས་གནང་མཛད་འདུག།


2017.10.07
༧གོང་ས་མཆོག་ལྔ་དང་ལྔ་བཅུའི་ཚོགས་འདུའི་ཐོག་ཆིབས་བསྒྱུར་བསྐྱངས་གནང་མཛད་འདུག། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལྔ་དང་ལྔ་བཅུའི་ཚོགས་འདུའི་ཐོག་ཆིབས་བསྒྱུར་བསྐྱངས་གནང་མཛད་ཡོད་པ།
དབུས་བོད་མིའི་སྒྲིག་འཛུགས།

༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཕྱི་ཟླ་ ༡༠ ཚེས་ ༧ ཉིན་བཞུགས་སྒར་རྡ་རམ་ས་ལའི་ པ་ཝི་ལིཡོན་ མགྲོན་ཁང་ནང་བསྐོང་ཚོགས་གནང་བཞིན་པ་ལྔ་དང་ལྔ་བཅུའི་ཚོགས་འདུའི་ཐོག་ཆིབས་བསྒྱུར་བསྐྱངས་གནང་མཛད་འདུག
ཚོགས་འདུ་འདི་བཞིན་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་གོ་སྒྲིག་གནང་པ་ཞིག་ཡིན་པ་དང་། ཕྱི་ཚེས་ ༦ ནས་ ༨ བར་ཉིན་གྲངས་གསུམ་རིང་འཚོགས་རྒྱུའི་ཚོགས་འདུ་འདིའི་ཐོག་རྒྱལ་ཁབ་ ༢༡ ནས་ ཁྱོན་བསྡོམས་ཚོགས་བཅར་བ་མི་གྲངས་ ༡༨༥ ཙམ་མཉམ་ཞུགས་གནང་འདུག་ཅིང་། དེའི་ཁོངས་སུ་ཆབ་སྲིད་ཐབས་ཇུས་པ་དང་། སྲིད་དོན་མི་སྣ། འབྲེལ་མཐུད་ཆེད་ལས་པ། ལས་འགུལ་བ་སོགས་མཉམ་ཞུགས་གནང་ཡོད་འདུག
དེ་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྔ་དྲོའི་ཕྱག་ཚོད་ ༩ ནས་ ༡༢ བར་ཚོགས་འདུའི་ཐོག་བཀའ་སློབ་དང་ལྷན་ཞུགས་གནང་འདུག་ཅིང་། དེ་རྗེས་ཚོགས་བཅར་བ་ཡོངས་དང་ཡང་སྐུ་པར་ལྷན་སྒྲོན་གནང་འདུག  ཚོགས་འདུའི་ཐོག་གསར་འགོད་པ་འགྲོ་ཆོག་གི་མེད་སྟབས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་ཇི་ཕེབས་དང་། གཞན་ཡང་ཚོགས་འདུའི་སྐབས་བགྲོ་གླེང་ཇི་བྱུང་སོགས་ཀྱི་སྐོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གནས་ཚུལ་ཁྱབ་སྤེལ་གནང་བ་ལས་ལྷག་པ་ཤེས་རྟོགས་ཡོང་གི་མེད་པ་རེད།
ཁ་སང་ལྔ་དང་ལྔ་བཅུའི་ཚོགས་འདུའི་དབུ་འབྱེད་ཀྱི་གསུང་བཤད་སྐབས་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས། ཉིན་གྲངས་གསུམ་རིང་གི་ཚོགས་འདུ་འདིའི་ཐོག། འབྱུང་འགྱུར་ལོ་ལྔ་དང་ལྔ་བཅུའི་རིང་བོད་མིའི་འཐབ་རྩོད་ཀྱི་ནུས་པ་གོང་མཐོར་གཏོང་ཐབས་སུ་དམིགས་ཏེ། བསམ་འཆར་དང་དགོངས་ཚུལ། རྒྱུས་བབས་ལྷུག་པོར་གནང་སའི་གླེང་སྟེགས་ཡིན་པ་གསུངས་ཤིང་། ད་དུང་སྲིད་སྐྱོང་མཆོག་གིས། ང་ཚོའི་ངོས་ནས་ཚོགས་བཅར་བར་ཕེབས་མཁན་རེ་རེ་བཞིན་ཁྱེད་རྣམ་པས་དུས་ཡུན་རིང་པོའི་རིང་བོད་དོན་ཐད་ལེགས་སྐྱེས་ཇི་གནང་དང་། ཁྱེད་རྣམ་པའི་ཆེད་ལས་དང་དེ་བཞིན་རྒྱལ་སྤྱིའི་འབྲེལ་ལམ་ཐོག་གི་ཉམས་མྱོང་ཁག་ལ་གཟིགས་ཞིབ་ཀྱིས་འདེམས་སྒྲུག་ཞུས་པ་ཡིན་པ་གསུངས་པ་དང་སྦྲགས། ཚོགས་འདུ་གྲུབ་རྗེས་ཁོང་རྣམ་པས་བཏོན་པའི་དགོངས་ཚུལ་ཁག་འབྱུང་རྒྱུར་བོད་མིའི་རྩ་དོན་གྲུབ་པའི་ལས་དོན་ནང་གོ་རིམ་སྒྲིག་རྒྱུ་ཡིན་སྟབས། ཚོགས་བཅར་བ་རྣམས་ནས་རང་རང་སོ་སོའི་གཞུང་ལ་སློབ་སྟོན་ཕུལ་བ་ལྟར་ང་ཚོར་ཡང་དེ་དེ་བཞིན་གནང་རོགས་ཞེས་འབོད་སྐུལ་ཡང་ཞུས་གནང་ཡོད་པ་རེད།
ད་རེས་ཀྱི་ཚོགས་འདུ་འདིར་ཕེབས་མཁན་མང་ཆེ་བ་རྒྱ་གར་དང་ཨ་རི་ནས་ཡིན་འདུག་ཅིང་། ཁ་སང་དབུ་འབྱེད་ཀྱི་གསུང་བཤད་གནང་མཁན་གྱི་ཁོངས་སུ། རྒྱ་གར་ནང་གི་ཤེས་ཡོན་པ་གྲགས་ཅན་ Meenakshi Gopinath ཨ་རི་ནས་ཡིན་པ་ཆབ་སྲིད་ཐབས་ཇུས་པ་ Jamie Metzl, ཇར་མན་གྱི་སྲིད་དོན་པ་ Schwartz Schilling, དང་ཐེ་ཝན་གྲོས་ཚོགས་ཀྱི་འཐུས་མི་ Freddy Lim ཡོད་འདུག།
གསར་འགོད་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎