༸གོང་ས་མཆོག་གིས་ནང་ཆོས་ལ་དད་པ་རྐྱང་པ་ཙམ་ཞིག་མ་ཡིན་པར་ཉམས་ལེན་དང་སློབ་གཉེར་གནང་གལ་ཆེ་བ་ཡིན་ཞེས་བཀའ་སློབ་བསྩལ་གནང་མཛད་པ།

2024.09.12
༸གོང་ས་མཆོག་གིས་ནང་ཆོས་ལ་དད་པ་རྐྱང་པ་ཙམ་ཞིག་མ་ཡིན་པར་ཉམས་ལེན་དང་སློབ་གཉེར་གནང་གལ་ཆེ་བ་ཡིན་ཞེས་བཀའ་སློབ་བསྩལ་གནང་མཛད་པ། ༸གོང་ས་མཆོག་གིས་ཆོས་འབྲེལ་སྩལ་སྐབས་སུ། ༢༠༢༤།༠༩།༡༢ ཉིན།
RFA/ Tenzin Lekmon

ལྷོ་ཤར་ཨེ་ཤེ་ཡའི་དད་ལྡན་མང་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ཕྱི་ཟླ་ ༩ པའི་ཚེས་ ༡༢ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བདེན་བཞི་དང་འབྲེལ་བའི་ནང་ཆོས་ངོ་སྤྲོད་དང་མ་ཎིའི་བཀའ་ལུང་བསྩལ་གནང་མཛད་སོང་། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། དེང་སྐབས་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་རྒྱ་ནག་གཙོ་བོར་གྱུར་བའི་འཛམ་གླིང་ས་ཕྱོགས་གང་སར་ནང་པ་སངས་རྒྱས་པའི་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་ནི། ནང་ཆོས་ཀྱིས་སེམས་ལ་ཞི་བདེ་བསྐྲུན་གྱི་ཡོད་ཅིང་སེམས་ཞི་བདེ་ལྡན་ན་ལུས་ལའང་རང་བཞིན་གྱི་བདེ་བ་ཡོང་གི་ཡོད་པའི་ཕན་ནུས་ལྡན་པ་ཤེས་རྟོགས་བྱུང་བར་བརྟེན་ཡིན་པས། དད་ལྡན་པ་ཡོངས་ནས་ནང་ཆོས་ལ་དད་པ་རྐྱང་པ་ཙམ་ཞིག་མ་ཡིན་པར་དེར་ཉམས་ལེན་དང་སློབ་གཉེར་གནང་གལ་ཆེ་བ་ཡིན་ཞེས་བཀའ་སློབ་བསྩལ་གནང་མཛད་སོང་།

འདི་ག་གསར་འགོད་པས་ལྷོ་ཤར་ཨེ་ཤེ་ཡའི་དད་ལྡན་པ་ཁག་གཅིག་ལ་བཀའ་འདྲི་ཞུས་པར། ཁོང་རྣམས་ནས་ཐེངས་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཐོབ་པར་བསྐལ་པ་བཟང་པོ་བྱུང་ཞིང་། སེམས་ལ་བདེ་བ་ཆེན་པོ་བསྟེར་བྱུང་ཞེས་འགྲེལ་བརྗོད་གནང་གི་འདུག དེ་ཡང་མ་ལེ་ཤི་ཡ་ནས་ཡིན་པའི་ཀིཊ་སི་ལགས་ཀྱིས། ཐེངས་འདིར་༸གོང་ས་མཆོག་གིས་བྱམས་བརྩེ་ཉམས་ལེན་གྱིས་སེམས་ནང་ཞི་བདེ་ཇི་ལྟར་བསྐྲུན་ཚུལ་སྐོར་བཀའ་སློབ་བཟང་པོ་ཕེབས་གནང་སོང་བ་ནི་ངའི་སེམས་ལ་ཧ་ཅང་ཟུག་པོ་བྱུང་ཞེས་དང་། ས་ཊི་ཧྥུ་ལགས་ཀྱིས་དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཐོག་བཅར་རྒྱུ་བྱུང་བ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་པ་དང་། ༸གོང་ས་མཆོག་ཉེ་ལམ་སྐུའི་ཞབས་པུས་སྨན་བཅོས་གྲུབ་ཚར་ཙམ་ཡིན་ཡང་ཁོང་ནས་འདིར་ང་ཚོར་གསུང་ཆོས་སྩལ་གནང་ཆེད་གཙུག་ལག་ཁང་དུ་ཆིབས་བསྒྱུར་བསྐྱངས་པར་སོང་ང་ལ་སེམས་ཚོར་ཆེན་པོ་བྱུང་ཞེས་དང་། ཡང་ཨི་སུ་ལགས་ནས་ངས་དེ་རིང་༸གོང་ས་མཆོག་གི་ཞལ་མཇལ་ཐོབ་པ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་ཅིང་པས་དེ་རིང་ང་ཧ་ཅང་སྐྱིད་པོ་བྱུང་ཞེས་གསུངས་བྱུང་།

ཐེངས་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྷོ་ཤར་ཨེ་ཤི་ཡའི་དད་ལྡན་ཆོས་ཞུ་བ་རྣམས་ལ་ཆོས་འབྲེལ་བསྩལ་གནང་མཛད་པ་ནི་ཐེངས་ ༡༨ པ་དེ་ཆགས་ཀྱི་འདུག་ཅིང་། འདི་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རི་ནས་ཕྱིར་བཞུགས་སྒར་དུ་ཞབས་སོར་འཁོད་གནང་མཛད་པའི་རྗེས་སུ་བརྟན་བཞུགས་ཀྱི་མཛད་རིམ་རྗེས་མང་ཚོགས་ལ་ཆོས་འབྲེལ་གྱི་མཛད་འཕྲིན་ཞིག་ཆགས་ཀྱི་ཡོད་པ་རེད་ལ། ད་ལན་གྱི་ཆོས་འབྲེལ་དེའི་ཐོག་ལྷོ་ཤར་ཨེ་ཤེ་ཡའི་དད་ལྡན་པ་ ༧༠༠ ལྷག་གཙོས་པའི་ཕྱི་ནང་གི་དད་ལྡན་མང་ཚོགས་སོགས་ཁྱོན་སྟོང་ཚོ་བརྒལ་བས་ལྷན་བཞུགས་གནང་ཡོད་པ་རེད། ཡང་ཡོང་རྒྱུ་བསྡད་པའི་ཕྱི་ཟླ་ ༩ པའི་ཚེས་ ༡༨ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ཀྱི་བུད་མེད་ལྷན་ཚོགས་དང་ཌལ་ཧོར་གཏན་སློབ་ཀྱི་སློབ་ཟུར་དང་ལྷ་ས་རྫོང་བཅས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་གྱི་མཛད་འཆར་ཡོད་པ་རེད་འདུག

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎