༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་དབུས་གཞུང་གི་གྲངས་ཉུང་མི་རིགས་ཀྱི་ལྷན་ཚོགས་ཀྱི་ནང་པའི་སྐུ་ཚབ་རིན་ཆེན་ལྷ་མོ་ལགས་སུ་མཇལ་ཁ་བསྩལ་བ།

སྤྱི་ལོ་༢༠༢༣ ལོའི་སྤྱི་ཟླ་༢ པའི་ཚེས་༡༠ ཉིན་གྱི་སྔ་དྲོ་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་དབུས་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ནང་པའི་སྐུ་ཚབ་རིན་ཆེན་ལྷ་མོ་ལགས་སུ་དམིགས་བསལ་མཇལ་ཁ་བསྩལ་གནང་མཛད་ཡོད་པ་དང་། ཁོང་མོས་ད་བར་བོད་མིའི་བདེ་སྡུག་ཆེད་དུ་ཕྱག་ལས་གནང་བར་ཐུགས་དགྱེས་ཚོར་ཆེན་པོས་བསྔགས་བརྗོད་མཛད་འདུག
མཇལ་ཁ་གྲུབ་པའི་རྗེས་ལྕམ་རིན་ཆེན་ལྷ་མོ་ལགས་ཀྱིས་གསར་འགོད་པར་གསུངས་དོན། ༸གོང་ས་ཏཱ་ལའི་བླ་མ་མཆོག་དངོས་སུ་མཇལ་རྒྱུ་བྱུང་སྟེ། ཁོང་གི་སྦྱིན་རླབས་ཐོབ་པར་ཧ་ཅང་གི་དགའ་ཚོར་བྱུང་། མགོན་པོ་གང་ཉིད་མཆོག་ནས་ཐུགས་བརྩེ་ཆེན་པོས་མ་འོངས་པར་ངའི་ལས་དོན་ཐམས་ཅད་ལམ་ལྷོང་ཡོང་བར་ཐུགས་སྨོན་སེམས་གསོ་གནང་སོང་། ལྷག་དོན་དུ་ངས་ད་བར་བོད་པའི་སྤྱི་ཚོགས་ཀྱི་བདེ་སྡུག་ཆེད་དུ་ལས་ཀ་ཅུང་ཙམ་ཞིག་བསྒྲུབས་ཡོད་པ་མགོན་པ་གང་ཉིད་ལ་སྙན་སེང་ཞུས་པར། མགོན་པོ་གང་ཉིད་མཆོག་ནས་ཐུགས་དགྱེས་ཚོར་ཆེན་པོས་ཐུགས་རྗེ་ཆེ་ཞེས་བཀའ་གནང་སོང་བས། ང་ཡང་ཧ་ཅང་གི་དགའ་ཚོར་བྱུང་བ་མ་ཟད། འབྱུང་འགྱུར་ང་རང་རྒྱ་གར་མངའ་སྡེ་ག་པར་ཕྱིན་པ་ཡིན་ནའང་། བོད་པའི་ཆེད་དུ་མུ་མཐུད་ལས་ཀ་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ལ། དེ་ནི་ངའི་བསོད་ནམས་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།
རྒྱ་གར་དབུས་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་གི་ནང་པའི་སྐུ་ཚབ་རིན་ཆེན་ལྷ་མོ་ལགས་ནི་ད་རེས་ཧི་མ་ཅལ་མངའ་སྡེའི་ཀང་གྷ་ར་(Kangra) རྫོང་དང་མཱན་ཌི་(Mandi)རྫོང་བཅས་ཀྱི་ནང་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་པ་དང་མཉམ་དུ་ཁོང་མོས་༸གོང་ས་༸སྐྱབས་མགོན་ཆེན་མཆོག་ནས་མཇལ་ཁ་གནང་བའི་གསོལ་འདེབས་ཞུས་པ་ཞིག་ཡིན་འདུག
ཁ་སང་སྤྱི་ཚེས་༩ རེས་གཟའ་ཕུར་བུའི་ཉིན་ལྕམ་རིན་ཆེན་ལྷ་མོ་ལགས་ཀྱིས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་། བོད་ཀྱི་དཔེ་མཛོད་ཁང་། བོད་ཀྱི་འགྲེམས་སྟོན་ཁང་། ཏཱ་ལའི་བླ་མའི་ཡིག་ཚགས་དང་དཔེ་མཛོད་ཁང་། གནས་ཆུང་གྲྭ་ཚང་དང་། དགའ་གདོང་དགོན་པ། དེ་བཞིན་རྡ་སྟེང་བོད་ཁྱིམ་སློབ་གྲྭ་སོགས་སུ་འཚམས་གཟིགས་སུ་ཕེབས་ཡོད་པ་རེད།
དེའི་ཐད་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་ཀྱིས་གསར་འགོད་པ་ངོ་སྤྲོད་གནང་བའི་ནང་། ད་རེས་ལྕམ་རིན་ཆེན་ལྷ་མོ་ལགས་རྡ་རམ་ས་ལར་ཕེབས་པ་དང་སྟབས་བསྟུན་ནས། བཙན་བྱོལ་བོད་མིའི་བདེ་སྡུག་དང་འབྲེལ་བའི་གནད་དོན་ཁག་ཅིག་གི་ཐོག་གོ་བསྡུར་བྱུང་ཡོད་པ་གསུངས་འདུག
ལྕམ་རིན་ཆེན་ལྷ་མོ་ལགས་ནི་རྒྱ་གར་བྱང་ཕྱོགས་ལ་དྭགས་ནས་ཡིན་ཞིང་། དེ་སྔོན་ཁོང་མོས་ལ་དྭགས་སྤྱི་ཚོགས་བདེ་དོན་ལྷན་ཁང་དང་ལ་དྭགས་བུད་མེད་ནུས་སྟོབས་གོང་འཕེལ་སྡེ་ཚན་སོགས་ཀྱི་ནང་ཕྱག་ལས་གནང་མྱོང་འདུག་པ་དང་། ༢༠༢༡ ལོའི་ལོ་མཇུག་ཏུ་ཁོང་མོ་རྒྱ་གར་དབུས་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་གི་ནང་པའི་སྐུ་ཚབ་ཏུ་བསྐོ་བཞག་གནང་ཡོད་པ་རེད།།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག