༸གོང་ས་མཆོག་གིས་བྲག་གཡབ་༸སྐྱབས་མགོན་བློ་ལྡན་ཤེས་རབ་རིན་པོ་ཆེ་མཆོག་ལ་མཇལ་ཁ་སྩལ་བ།

2022.11.14
༸གོང་ས་མཆོག་གིས་བྲག་གཡབ་༸སྐྱབས་མགོན་བློ་ལྡན་ཤེས་རབ་རིན་པོ་ཆེ་མཆོག་ལ་མཇལ་ཁ་སྩལ་བ། ༸གོང་ས་མཆོག་གིས་བྲག་གཡབ་རིན་པོ་ཆེ་མཆོག་ལ་མཇལ་ཁ་སྩལ་བའི་སྐབས། ༢༠༢༢།༡༡།༡༤ ཉིན།
OHHDL

འཇར་མན་དུ་གནས་བཞུགས་བྲག་གཡབ་༸སྐྱབས་མགོན་བློ་ལྡན་ཤེས་རབ་རིན་པོ་ཆེ་མཆོག་རྒྱ་གར་ནང་ཕེབས་པའི་སྐབས་དང་བསྟུན་ནས་སྤྱི་ཟླ་༡༡པའི་ཚེས་༡༤ཉིན། བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མཇལ་ཁ་བཀའ་སློབ་སོགས་སྩལ་གནང་མཛད་ཡོད་ཅིང་། བར་ལམ་ཏོག་དབྱིབས་ནད་ཡམས་ཁྱབ་བརྡལ་ཤུགས་ཆེ་ལ་བརྟེན། ༸གོང་ས་མཆོག་ལ་ལོ་ཤས་རིང་མཇལ་རྒྱུ་མ་བྱུང་བ་སོགས་ཀྱིས། ད་ལམ་༸སྐུ་མདུན་མཇལ་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་ཐུགས་དགྱེས་ཚོར་བྱུང་བ་སོགས། བྲག་གཡབ་༸སྐྱབས་མགོན་བློ་ལྡན་ཤེས་རབ་རིན་པོ་ཆེ་མཆོག་ནས་འགྲེལ་བརྗོད་གནང་གི་འདུག

བྲག་གཡབ་༸སྐྱབས་མགོན་བློ་ལྡན་ཤེས་རབ་མཆོག་ནི་བོད་ཀྱི་རྒྱལ་སྤྲུལ་དང་ཧོ་ཐོག་ཐུ་སོགས་ཀྱི་མཚན་གནས་ཡོད་པའི་བླ་ཆེན་ཞིག་ཡིན་པའི་ཁར། ནུབ་ཕྱོགས་སུ་ཡུན་རིང་བཞུགས་ཏེ་གཙུག་ལག་སློབ་གྲྭ་ཆེ་ཁག་ཏུ་བོད་རིག་པའི་ཞིབ་འཇུག་སྡེ་ཁག་སོགས་སུ། དེང་རབས་ཀྱི་ལམ་སྲོལ་དང་མཐུན་པའི་ཞིབ་འཇུག་དང་རྩོམ་སྒྲིག་སོགས་ཀྱི་ཕྱག་ལས་རྒྱ་ཆེ་གནང་མྱོང་མཁན་ཞིག་ཡིན་པས། རྒྱ་གར་དང་ཕྱི་རྒྱལ་ཁག་ཏུ་བོད་མི་གཞོན་སྐྱེས་ཚོས་སློབ་སྦྱོང་ལ་ཐུགས་སྣང་གནང་དགོས་པ་དེ་ཧ་ཅང་གལ་ཆེན་ཡིན་པའི་ལམ་སྟོན་ཕེབས་ཀྱི་འདུག

WhatsApp Image 2022-11-14 at 11.47.57 AM (1).jpeg

བྲག་གཡབ་༸སྐྱབས་མགོན་བློ་ལྡན་ཤེས་རབ་རིན་པོ་ཆེ་མཆོག་ནི་༡༩༤༠ལོར་བོད་ཤར་ཕྱོགས་མི་ཉག་གི་ཡུལ་དུ་སྐུ་བལྟམས་ཤིང་། དགུང་གྲངས་བཞི་ཡི་སྟེང་ལ་བྲག་གཡབ་༸སྐྱབས་མགོན་སྐུ་ཕྲེང་དགུ་པར་ངོས་འཛིན་གནང་བ་ལ་བརྟེན། སྔར་ལམ་ལྟར་༸སྐྱབས་མགོན་རིན་པོ་ཆེ་མཆོག་ཁ་བ་ཅན་གྱི་སྤྲུལ་སྐུ་མཐོ་རིམ་རྒྱལ་སྤྲུལ་དང་། ཧོ་ཐོག་ཐུའི་ཁོངས་སུ་གཏོགས་ཤིང་། གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་གཞུང་ཆེན་སློབ་གཉེར་གནང་མུས་ཡིན་རུང་། བོད་ལ་རྒྱ་ནག་དམར་པོས་བཙན་འཛུལ་གྱིས་སྤྱི་ལོ་༡༩༥༩ལོར་བོད་ནས་འཕགས་ཡུལ་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཆིབས་ཞབས་སུ་ཚུད་པ་དང་། གཞུང་ཆེན་གསན་བཞེས་འཕྲོ་སྐྱོང་གནང་མཐར་དགེ་བཤེས་ལྷ་རམས་པའི་ཕྱག་ཁྱེར་བཞེས་པ་ཡོད་ལ། ༡༩༦༢སྐོར་ནས་བཞུགས་སྒར་དྷ་རམ་ས་ལར་བོད་གཞུང་ཤེས་རིག་རྩོམ་སྒྱུར་ཁང་གི་དབུ་འཛིན་དང་། ༡༩༦༤ནས་༡༩༦༦བར་རྒྱལ་ས་ལྡི་ལི་གསར་པའི་བོད་ཀྱི་ཁང་པའི་དབུ་འཛིན་ཐོག་མ་དེ་གནང་འདུག་ཅིང་། རིན་པོ་ཆེ་མཆོག་ཉིད་༡༩༦༦ལོར་འཇར་མན་གྲོང་ཁྱེར་བྷོན་གྱི་གཙུག་ལག་སློབ་གྲྭ་ཆེན་མོས་གདན་ཞུས་ལྟར་ཕེབས་པ་ནས་བཟུང་། གཙུག་ལག་སློབ་གྲྭ་དེའི་ཤར་གླིང་དབུས་མའི་རིག་གཞུང་ཁང་དུ་བོད་རིག་པའི་སྡེ་ཚན་ནང་ཞིབ་འཇུག་དང་རྩོམ་སྒྲིག སློབ་ཁྲིད་བཅས་ལོ་ངོ་སུམ་ཅུ་སོ་བརྒྱད་རིང་མཛད་འགན་བཞེས་ཏེ་སྤྱི་མཚུངས་བགྲེས་ཡོལ་དུ་ཕེབས་ཡོད་ནའང་། རིན་པོ་ཆེ་མཆོག་གིས་༢༠༠༥ལོར་འཇར་མན་བོད་ཀྱི་ཁང་པ་ཞེས་བོད་ཀྱི་ཤེས་རིག་གི་ལྟེ་གནས་དེ་བཞིན་དབུ་འཛུགས་ཀྱིས་ཕྱག་ལས་རྒྱུན་མཐུད་དུ་གནང་ཡོད་པ་རེད།

གསར་འགོད་པ། བློ་བྷེ། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎