༸གོང་ས་མཆོག་གིས། རིག་པའི་ལམ་ནས་གཏན་ལ་འབེབས་རྒྱུ་ཡོད་པའི་ནང་ཆོས་ལ་སློབ་གཉེར་བྱེད་མཁན་ཚོས་སེམས་ནང་སྤོབས་པ་སྐྱེ་དགོས་ཅེས་བཀའ་སྩལ་བ།

2022.11.08
༸གོང་ས་མཆོག་གིས། རིག་པའི་ལམ་ནས་གཏན་ལ་འབེབས་རྒྱུ་ཡོད་པའི་ནང་ཆོས་ལ་སློབ་གཉེར་བྱེད་མཁན་ཚོས་སེམས་ནང་སྤོབས་པ་སྐྱེ་དགོས་ཅེས་བཀའ་སྩལ་བ། ༸གོང་ས་མཆོག་དང་ལྷན་དུ་རིགས་སློབ་ཀྱི་སློབ་མཐར་སོན་པའི་སློབ་མ་རྣམས། ༢༠༢༢།༡༡།༠༨ ཉིན།
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་རིགས་ལམ་སློབ་གཉེར་ཁང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ཕྱི་ལོ་༢༠༢༢ ལོའི་ཕྱི་ཟླ་ ༡༡ ཚེས་ ༨ ཉིན་གྱི་སྔ་དྲོ་སློབ་གཉེར་ཁང་དེ་ཉིད་ཀྱི་དབུ་མ་རབ་འབྱམས་པ་དང་ཕར་ཕྱིན་རབ་འབྱམས་པ་སློབ་མཐར་སོན་པའི་སློབ་མ་༥༡ དང་། རིས་མེད་སློབ་དཔོན་མཐར་སོན་སློབ་མ་ ༡༦ དེ་བཞིན་དགེ་རྒན་ ༦ བཅས་ཁྱོན་དགེ་སློབ་ ༧༣ ལ་མཇལ་ཁ་དང་བཀའ་སློབ་སྩལ་བའི་ནང་། དེ་སྔ་འཛམ་གླིང་གིས་དེ་ཙམ་གྱི་དོ་སྣང་མེད་པའི་བོད་ཀྱི་ནང་ཆོས་ལ་དེང་སྐབས་ཚན་རིག་པ་ཚུད་པའི་མི་རྣམས་ཀྱིས་དམིགས་བསལ་དོ་སྣང་བྱེད་ཡུལ་ཞིག་ཏུ་གྱུར་ཡོད་པ་དང་། ལྷག་ཏུ་བོད་ཀྱི་ནང་ཆོས་ནི་རྨོངས་དད་དང་བྲལ་ཞིང་། རྒྱུ་མཚན་དང་རིག་ལམ་གཙོ་བོ་བཟུང་ཡོད་པར་རྟེན། རིག་པའི་ལམ་ནས་གཏན་ལ་འབེབས་རྒྱུ་ཡོད་པའི་ནང་ཆོས་ལ་སློབ་གཉེར་བྱེད་མཁན་ཚོས་སེམས་ནང་སྤོབས་པ་སྐྱེ་དགོས་ཅེས་བཀའ་བསྩལ་འདུག 

ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད་བཀའ་སློབ་སྩལ་བའི་ནང་། ཁོང་ཁྲོ་དང་ང་རྒྱལ། ཕྲག་དོག་སོགས་ཉོན་མོངས་ཀྱི་བློ་དེ་དག་གིས་སེམས་མ་སྐྱིད་པ་བཟོ་ཡི་ཡོད་པ་དེ་མེད་པ་བཟོ་རྒྱུའི་ཐབས་ལམ་ཡག་ཤོས་ཤིག་ནི་ནང་པའི་གཞུང་ལུགས་ནང་ཡོད་པའི་བྱང་ཆུབ་སེམས་སྦྱོང་སྐོར་དང་། ལྟ་གྲུབ་ཀྱི་སྐོར་ལ་སློབ་གཉེར་བྱས་པ་ཡིན་ན། སེམས་ནང་བཅོས་མིན་གྱི་ཞི་བདེ་ཡོང་གི་ཡོད། གཞན་བླ་མ་མཁྱེན་ནོ། སངས་རྒྱས་མཁྱེན་ནོ་ཞེས་བརྗོད་པ་ཙམ་གྱི་སེམས་ཞི་བདེ་ཡོང་བ་འདང་གི་མེད་པར། གཙོ་བོ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ངེས་པར་དུ་ཉམས་ལེན་བྱེད་དགོས་གལ་ཆེ་བའི་སྐོར་བཀའ་གནང་འདུག་པ་མ་ཟད་། བོད་ཀྱི་ནང་ཆོས་ལ་རྒྱུ་མཚན་ལྡན་པའི་སྒོ་ནས་སློབ་གཉེར་བྱེད་དེ་བདག་གཅེས་གནང་དགོས་པ་བཀའ་ཕེབས་འདུག

ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཆོས་དད་ཡོད་མེད་ལ་མ་བལྟོས་པར། ང་ཚོའི་སློབ་སྦྱོང་བྱེད་བཞིན་པའི་ནང་པའི་གཞུང་ལུགས་ནང་ཡོད་པའི་སེམས་ཁམས་རིག་པས། འཛམ་གླིང་སྤྱི་ལ་ཕན་ཐོགས་ཡོང་གི་ཡོད་པ་ནི་ད་སྐབས་དངོས་ཡོད་གནས་ཚུལ་ཆགས་ཡོད་ལ། ཚན་རིག་པ་ཚོས་དོ་སྣང་དང་དགའ་མོས་ཞེ་དྲགས་གནང་གི་འདུག ད་དུང་རྒྱ་ནག་ནང་དུ་རྒྱ་རིགས་མཁས་དབང་དང་དགེ་རྒན་ཁྲོད་བོད་ཀྱི་ནང་ཆོས་ལ་དམིགས་བསལ་དོ་སྣང་བྱེད་མཁན་ཡོང་གི་ཡོད་པ་བཀའ་གནང་ཞིང་། རྒྱ་ནག་གཞུང་གིས་གཞིས་བཞུགས་བོད་མི་ཚོར་དམ་དྲག་བྱེད་ཀྱང་། ད་བར་བོད་མིའི་བསམ་བློར་འགྱུར་བ་གཏང་ཐུབ་མེད་ཅེས་བཀའ་གནང་འདུག 

WhatsApp Image 2022-11-08 at 12.03.28 PM.jpeg

སློབ་གཉེར་ཁང་འདིའི་ནང་ཕར་ཕྱིན་རབ་འབྱམས་པའི་དུས་ཡུན་ལོ་དྲུག་ཡིན་པ་དང་། དབུ་མ་རབ་འབྱམས་པའི་དུས་ཡུན་ལོ་གསུམ་ཡིན་ཞིང་། རིས་མེད་སློབ་དཔོན་གྱི་དུས་ཡུན་ལོ་བཞི་དང་། དེ་བཞིན་གསང་སྔགས་ཀྱི་སློབ་ཚན་ཁག་ལ་ལོ་གཉིས་བཅས་ཁྱོན་ལོ་ ༡༦ བཅས་དང་། མདོར་ན་སྔོན་འགྲོའི་བསྡུས་གྲྭ་རྩིས་པ་ཡིན་ན་ཁྱོན་ལོ་ ༡༨ རིང་གཞུང་ཆེན་ལ་ཐོས་བསམ་སློབ་གཉེར་རྒྱ་ཆེར་མཛད་པའི་རྗེས་རིས་མེད་དགེ་བཤེས་ཀྱི་ཕྱག་འཁྱེར་འབུལ་གྱི་ཡོད་འདུག

ད་རེས་མཇལ་ཁ་དང་འབྲེལ་བའི་སྐོར་རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སྤྱི་ཁྱབ་འགན་འཛིན་དགེ་བཤེས་ལྷ་རམས་པ་བསམ་གཏན་རྒྱ་མཚོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བའི་ནང་། ༸གོང་ས་མཆོག་གིས། གང་ཉིད་མཆོག་ལ་བརྟན་བཞུགས་འབུལ་བ་ལས། ནང་ཆོས་ལ་སློབ་གཉེར་རྒྱ་ཆེར་གནང་སྟེ། སྒྲུབ་པའི་མཆོད་པ་ནི་དེ་བས་གལ་ཆེ་བ་ཡིན་པ་བཀའ་གནང་སོང་བས་ཤིན་ཏུ་ངོ་མཚར་ཆེ་ཞེས་འགྲེལ་བརྗོད་གནང་བྱུང་།

བཞུགས་སྒར་རིགས་ལམ་སློབ་གཉེར་ཁང་གིས་འདས་པའི་ལོ་ངོ་བཅུ་ཕྲག་འགའ་ཞིག་རིང་བོད་མི་གཙོས། ཧི་མ་ལ་ཡའི་རི་རྒྱུད་དང་རྒྱ་གར། ཨ་རི་དང་དབྱིན་ཡུལ། ཐའེ་ཝན། ཀོ་རི་ཡ་སོགས་ནས་ནང་ཆོས་ལ་དོན་གཉེར་ཅན་མང་པོ་ཞིག་ལ་མཚན་ཉིད་དང་ནང་ཆོས་སློབ་གཉེར་གྱི་གོ་སྐབས་སྤྲོད་མུས་ཡིན་པའི་ཁྲོད། ཉེ་ལམ་རིས་མེད་སློབ་དཔོན་བསླབ་པ་མཐར་སོན་ཕྱིན་པ་དབྱིན་ཡུལ་ནས་ཡིན་པའི་སྐུ་ཞབས་Simon Hilton ལགས་ཀྱིས། ཉོན་མོངས་དུག་གསུམ་ཇེ་ཉུང་བཏང་ཏེ། སེམས་ཀྱི་བཟང་པོའི་ཡོན་ཏན་གོང་མཐོར་གཏོང་ཆེད་ནང་ཆོས་ལ་སློབ་གཉེར་བྱས་འགོ་འཛུགས་པོ་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།

ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཧིན་དྷི་གསུང་བསྒྱུར་བ་Kailash Chandra ལགས་ཀྱིས་སློབ་གཉེར་ཁང་དེ་ནས་རང་ཉིད་ཉེ་ལམ་རིས་མེད་སློབ་དཔོན་སློབ་མཐར་སོན་པ་དེ་ནི་སྤོབས་པ་སྐྱེ་གཞིར་ངོས་འཛིན་བྱེད་ཀྱི་ཡོད་པ་འགྲེལ་བརྗོད་གནང་གི་འདུག 

བཞུགས་སྒར་རིགས་ལམ་སློབ་གཉེར་ཁང་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་གཞིར་བཟུང་འཛམ་གླིང་སྤྱིའི་བདེ་རྩར་ཕན་པའི་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་ཡོང་སླད་ཕྱི་ལོ་ ༡༩༧༣ ལོར་མགོན་པོ་གང་ཉིད་མཆོག་གིས་གསར་འཛུགས་གནང་བ་ཞིག་ཡིན་ཞིང་། ད་བར་སློབ་གཉེར་ཁང་འདིས་བོད་མི་གཙོས་ཧི་མ་ལ་ཡའི་རི་རྒྱུད་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་ཀྱི་སློབ་ཕྲུག་སྐྱ་སེར་མང་དག་ཅིག་ལ་ནང་ཆོས་སློབ་སྦྱོང་གི་གོ་སྐབས་སྤྲད་དེ། ད་བར་གསུང་བསྒྱུར་བ་དང་། དགོན་སྡེ་ཁག་གི་དབུ་འཛིན་དང་མཁན་པོ། དགེ་རྒན་ཆེན་མོ་སོགས་མི་སྣ་མང་པོ་ཞིག་གསོ་སྐྱོང་བྱས་དང་བྱེད་མུས་ཡིན་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས། 
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎