ཕྱི་ལོ་ ༢༠༢༤ ལོའི་ཟླ་བ་ ༨ པའི་ཚེས་ ༢༨ ཉིན་གྱི་སྔ་དྲོའི་ཕྱག་ཚོད་ ༨ པ་ཙམ་ལ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་གྱི་ཉེ་འདབས་སུ་ཆགས་པའི་གྷ་གྷལ་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་སོང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གྷ་གྷལ་གནམ་ཐང་དུ་ཆིབས་བསྒྱུར་མཛད་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དབུས་པའི་དད་ལྡན་མང་ཚོགས་སྟོང་ཚོ་བརྒལ་བས་ལག་ཏུ་དཀར་གཙང་མཇལ་དར་དང་བདུག་སྤོས་ཐོགས་ཏེ་ཕེབས་བསུ་ཟབ་རྒྱས་ཞུས་སོང་ལ། འདི་ག་གསར་འགོད་པས་ཕེབས་བསུར་བཅར་མཁན་གྱི་དད་ལྡན་པ་ཁག་གཅིག་ལ་བཅར་འདྲི་ཞུས་པར་སྦི་རི་ནས་ཡིན་པའི་སྒྲོལ་མ་ཆོས་འཛིན་ལགས་ཀྱིས་ཚོར་བ་རྣོན་པོའི་སྒོ་ནས། བཙན་བྱོལ་ནང་༸གོང་ས་མཆོག་གི་མཇལ་ཁ་ཐོབ་རྒྱུ་བྱུང་བ་ནི་བསྐལ་བ་བཟང་པོ་ཡིན་ཞིང་། བོད་ནང་གི་བོད་མི་རྣམས་ལ་མགོན་པོ་མཆོག་གི་གསར་ཞལ་མཇལ་རྒྱུ་ག་དུས་བྱུང་གི་ཡོད་པའི་ཐད་སེམས་ཚོར་ཆེན་པོ་བྱུང་ཞེས་འགྲེལ་བརྗོད་གནང་གི་འདུག ཡང་མཇལ་བཅར་བ་གཞན་ཁག་གཅིག་གིས་ཀྱང་མགོན་པོ་མཆོག་བཞུགས་སྒར་དུ་ཕྱིར་ཆིབས་བསྒྱུར་བསྐྱངས་གནང་མཛད་པར་དགའ་ཚོར་ཆེན་པོ་བྱུང་ཞེས་གསུང་གི་འདུག དེ་ཡང་ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༦ ཚེས་ ༢༡ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་རྡ་ས་ནས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་དམིགས་བསལ་གཤགས་བཅོས་སྨན་ཁང་ (Hospital for Special Surgery) དུ་ཞབས་པུས་སྨན་བཅོས་ཆེད་ཆིབས་བསྒྱུར་མཛད་ཡོད་ཅིང་། ཞབས་པུས་སྨན་བཅོས་ལེགས་གྲུབ་རྗེས་མུ་མཐུད་ཨ་རིའི་ནིའུ་ཡོག་མངའ་སྡེའི་བྱང་ཕྱོགས་སུ་བདུན་ཕྲག་དྲུག་རིང་སྐུ་ངལ་གསོ་བཞུགས་མཛད་གནང་ཡོད་པ་རེད། དེ་རྗེས་རིམ་པས་ཕྱི་ཟླ་ ༨ པའི་ཚེས་ ༢༢ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་དང་། ཕྱི་ཚེས་ ༢༥ ཉིན་སུད་སིའི་ཛུ་རིག་བཅས་སུ་དད་ལྡན་མང་ཚོགས་རྣམས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་གནང་ཡོད་པ་བཅས། ཐེངས་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་གཉིས་ལྷག་གི་རྗེས་བཞུགས་སྒར་དུ་ཞབས་སོར་འཁོད་གནང་མཛད་པ་ཞིག་ཆགས་ཀྱི་ཡོད་པ་རེད།
གཞན་ཡང་ཡོང་རྒྱུ་བསྡད་པའི་ཕྱི་ཟླ་དགུ་པའི་ནང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གསུང་ཆོས་བཀའ་དྲིན་སྩལ་གནང་མཛད་རྒྱུ་དང་། དད་ལྡན་པ་རྣམས་ནས་བརྟན་བཞུགས་བསྟར་འབུལ་སོགས་ཀྱི་མཛད་འཆར་རིམ་པར་ཡོད་པ་རེད་འདུག
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།