༸གོང་ས་མཆོག་གིས་ཨི་ཊ་ལིའི་བུད་མེད་སྲིད་བློན་ཐོག་མར་འཚམས་འདྲིའི་གསུང་འཕྲིན་སྩལ་བ།

2022.10.23
༸གོང་ས་མཆོག་གིས་ཨི་ཊ་ལིའི་བུད་མེད་སྲིད་བློན་ཐོག་མར་འཚམས་འདྲིའི་གསུང་འཕྲིན་སྩལ་བ། ༸གོང་ས་མཆོག་དང་ཨི་ཊ་ལིའི་སྲིད་བློན་Giorgia Meloniརྣམ་གཉིས།
སྒྲིག་བཟོ།
འདི་ཚེས་ ༢༣ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨི་ཊ་ལིའི་རྒྱལ་ཁབ་ཀྱི་གསར་དུ་བདམས་འཐོན་བྱུང་བའི་སྲིད་བློན་Giorgia Meloniམཆོག་ལ་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་གནང་མཛད་འདུག་ཅིང་། ༸གོང་ས་མཆོག་གིས་གསུང་འཕྲིན་ནང་། ལོ་མང་གོང་ནས་ངོས་རང་ཁྱེད་ཉིད་ཀྱི་རྒྱལ་ཁབ་ནང་ཐེངས་མང་འགྲོ་རྒྱུའི་གོ་སྐབས་བྱུང་ལ། ངོས་རང་ལ་ཡུལ་མི་ཚོས་བརྩེ་བ་དང་གྲོགས་པོའི་འདུ་ཤེས་ཤུགས་ཆེ་སྟོན་པར་སེམས་ཚོར་ཆེན་པོ་བྱུང་ཞེས་དང་། ཨི་ཊ་ལིའིཡུལ་མི་གཅེན་གཅུང་ཚོས་བོད་ཀྱི་རང་དབང་དང་ཆེས་མཐོང་ཆེད་རྒྱུན་ཆད་མེད་པར་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞེས་འཁོད་འདུག
ཡང་༸གོང་ས་མཆོག་གིས། ཨི་ཊ་ལིའི་སྲིད་བློན་གསར་པ་དེ་ནི་བུད་མེད་ཅིག་ཡིན་པ་ཤེས་བྱུང་བས་ངོས་རང་དགའ་པོ་བྱུང་། གང་ཡིན་ཟེར་ན། ཚན་རིག་གིས་བརྟག་དཔྱད་གྲུབ་ཐོན་ལ་གཞིགས་ན། བུད་མེད་ནི་གཞན་ལ་སྙིང་རྗེའི་ཚོར་བ་ཆེ་བ་ཡོད་པ་དང་། གཞན་གྱི་ཚོར་བ་ལ་སྐྱེན་པའི་རང་བཞིན་ཞིག་ཡིན་སྟབས། ཁོང་ཚོས་ནང་བྱམས་བརྩེའི་ནུས་པ་ཆེ་བ་སྟོན་ཐུབ་ཀྱི་ཡོད་པ་དང་། གཞན་གྱི་གནས་སྟངས་ལ་སེམས་ཚོར་ཡོད། ཅེས་འཁོད་འདུག 
གཞན་ཡང་༸གོང་ས་མཆོག་གིས། ད་ལྟའི་དུས་ཚིགས་ནི་ཨི་ཊ་ལིའི་རྒྱལ་ཁབ་གཅིག་པུར་མིན་པར་འགྲོ་བ་མིའི་རིགས་ཀུན་ལ་གཉན་འཕྲང་གི་དུས་ཚིགས་ཤིག་ཡིན་སྟབས། རྟེན་འབྲེལ་གྱི་གོ་ལ་འདིའི་ནང་མི་སྒེར་དང་རྒྱལ་ཁབ་ཚོས་རང་ཉིད་ལ་འཕྲད་པའི་དཀའ་ངལ་རྣམས་རང་ཉིད་གཅིག་པུས་སེལ་མི་ཐུབ་ཅེས་དང་། ང་ཚོ་ནི་གཅིག་ལ་གཅིག་བརྟེན་གྱིས་འཚོ་བཞིན་ཡོད་པས། ང་ཚོས་བྱམས་བརྩེ་དང་སྙིང་རྗེ་མང་ཙམ་སྟོན་རྒྱུ་གལ་གནད་ཆེན་པོ་ཡིན། ཞེས་འཁོད་འདུག
མཇུག་ཏུ་༸གོང་ས་མཆོག་གིས། སྲིད་བློན་Meloniམཆོག་གི་མ་འོངས་ལས་དོན་མཐའ་དག་ལམ་ལྷོང་ཡོང་བ་དང་། ཨི་ཊ་ལི་དང་འཛམ་གླིང་མི་མང་གི་རེ་འདུན་འགྲུབ་ཐུབ་པའི་ཐུགས་སྨོན་མཛད་འདུག

གསར་འགོད་པ། ཡེ་ཤེས་ཟླ་བ། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎