༸གོང་ས་མཆོག་གིས་ཨོའིསི་ཊརེ་ལི་ཡའི་སྲིད་བློན་གསར་པ་ཨན་ཊོ་ནི་ཨལ་སྦེ་ནི་སི་མཆོག་ལ་འཚམས་འཕྲིན་སྩལ་བ།

འདི་ཚེས་ ༢༢ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨོསི་ཊྲེ་རི་ལི་ཡའི་ངལ་རྩོལ་ཚོགས་པའི་སྐུ་ཞབས་ཨན་ཊོ་ནི་ཨེལ་སྦེ་ནི་སི་སྲིད་བློན་དུ་བདམས་འཐོན་བྱུང་བར་འཚམས་འཕྲིན་སྩལ་གནང་མཛད་པའི་ནང་།
“ངོས་རང་ཨོསི་ཊྲེ་རི་ལི་ཡར་དེ་སྔོན་ཕྱི་ལོ་ ༡༩༨༢ ལོར་ཐེངས་དང་པོ་ཡོང་རྒྱུ་བྱུང་བ་ནས་བཟུང་། ཤེས་ཡོན་ལྟེ་གནས་ཁང་དང་ཞི་བདེར་གོང་འཕེལ་གཏོང་ཐབས་གནང་མཁན་སྒྲིག་འཛུགས་ཁག་གིས་མགྲོན་འབོད་འོག་ཡུལ་དེར་ཐེངས་མང་འགྲོ་རྒྱུ་བྱུང་། ཡུལ་དེའི་མི་དམངས་ཚོའི་གུ་ཡངས་ཀྱི་བསམ་བློ་དང་མཛའ་བརྩེའི་རྣམ་འགྱུར་གྱིས་ངོས་རང་ཐོག་ཚོར་བ་གཏིང་ཟབ་བྱུང་ལ། ངོས་ཀྱིས་བྱམས་བརྩེ་དང་བཟོད་བསྲན། དགོངས་ཡངས་བཅས་འགྲོ་བ་མིའི་བཟང་སྤྱོད་ཀྱི་གཞི་རྩའི་རིན་ཐང་དར་སྤེལ་། དེ་བཞིན་ཆོས་ལུགས་ཕན་ཚུན་དབར་འཆམ་མཐུན་སོགས་ལ་འབད་བརྩོན་བྱས་པ་དག་ལ་ཡུལ་དེའི་མི་མང་པོས་དོ་སྣང་ཆེན་པོ་གནང་བ་དེས་ངོས་ཀྱི་བློ་སྤོབས་འཕེལ་སོང།”
ཡང་༸གོང་ས་མཆོག་གིས་མུ་མཐུད་བཀའ་གནང་དོན།”ང་ཚོ་བོད་མི་ཚོས་ནང་པའི་རིག་གཞུང་གཅེས་འཛིན་གྱི་འབད་བརྩོན་ཐད་ཨོསི་ཊྲེ་རི་ལི་ཡའི་མི་དམངས་དང་དབུ་ཁྲིད་ཁག་གིས་རྒྱབ་སྐྱོར་གནང་བ་ནི་ཧ་ཅང་གི་སྐལ་བ་བཟང་པོ་ཡིན་ལ་ནང་པའི་རིག་གཞུང་གི་འཚེ་མེད་ཞི་བའི་ལྟ་གྲུབ། དེ་བཞིན་བྱམས་སྙིང་རྗེ་ལྟ་བུས་མི་སྒེར་དང་འཛམ་གླིང་སྤྱི་ལ་ཞི་བདེ་ཡོང་ཆེད་ལེགས་སྐྱེས་ཕུལ་ཐུབ་པའི་ནུས་པ་ཡོད།”
མཇུག་ཏུ་༸གོང་ས་མཆོག་གིས་སྲིད་བློན་གསར་པའི་ལས་དོན་ཐམས་ཅད་ལམ་ལྷོང་དང་མི་དམངས་ཀྱི་རེ་འདོད། དེ་བཞིནའཛམ་གླིང་འཆམ་མཐུན་ཡོང་བའི་ཐུགས་སྨོན་སྐྱབས་འཇུག་མཛད་འདུག
ཕྱི་ལོ་ ༡༩༨༢ ནས་བཟུང་༸གོང་ས་མཆོག་ ཨོསི་ཊྲེ་རི་ལི་ཡར་ཐེངས་མང་ཞབས་སོར་འཁོད་གནང་མཛད་ཡོད་ཅིང་ཕྱི་ལོ་ ༡༩༩༢ ལོར་ ཨོསི་ཊྲེ་རི་ལི་ཡའི་སྲིད་བློན་ Paul Keating མཆོག་དང་མཇལ་འཕྲད་གནང་འདུག་ལ་ཕྱིས་སུ་ཕྱི་ལོ་ ༡༩༩༦ ལོར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩལ་གནང་མཛད་པ་དང་ཕྱི་ལོ་ ༢༠༠༧ ལོར་སྲིད་བློན་ John Howard མཆོག་དང་མཇལ་འཕྲད་གནང་འདུག
དེ་ནས་ཕྱི་ལོ་ ༢༠༡༥ ལོར་༸གོང་ས་མཆོག་ཨོསི་ཊྲེ་རི་ལི་ཡའི་བྱང་ཁུལ་གྱི་ཨུ་ལུ་རུ་ས་གནས་སུ་ཞབས་སོར་འཁོད་གནང་མཛད་པ་ནས་བཟུང་ད་བར་རྒྱལ་ཁབ་དེར་ཆིབས་སྒྱུར་སྐྱོང་གནང་མཛད་མེད་པ་རེད།
གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།