༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་དང་འབྲེལ་བའི་དེབ་ཕྲེང་བཞི་ཕྱོགས་བསྒྲིགས་ཀྱིས་དབུ་འབྱེད་གནང་ཡོད་པ།

རྡ་རམ་ས་ལའི་བསྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་དར་སྤེལ་གླིང་གི་མཐུན་འགྱུར་འོག ན་གཞོན་ཉམས་ཞིབ་པ་དཀོན་མཆོག་བསྟན་འཛིན་ལགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་སྟེ། འཇིག་རྟེན་ཀུན་ཁྱབ་ཀྱི་དགོངས་གཞི་དང་ཆོས་ལུགས་མཐུན་སྒྲིལ། བོད་ཀྱི་རྩ་དོན་དང་རྒྱ་གར་གྱི་གནའ་བོའི་ལེགས་བྱང་བསྐྱར་གསོ་བཅས་ཀྱི་བརྗོད་གཞིའི་ཐོག ཉམས་ཞིབ་ཀྱི་ལམ་ནས་ནང་གསེས་རིགས་བགར་བའི་དེབ་ཕྲེང་བཞི་ཕྱོགས་བསྒྲིགས་གནང་ཡོད་པ། བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་ཟླ་ ༡༡ ཚེས་༡༥ ཉིན་དབུ་འབྱེད་གནང་སྐབས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས། ཆོལ་ཁ་ཆོས་ལུགས་འདྲ་མཉམ་གྱི་ཐོག་ནས་བོད་མིའི་སྒྲིག་འཛུགས་མང་གཙོའི་ལམ་དུ་ཁྲིད་གནང་བ་ནི་༸གོང་ས་མཆོག་གི་མཛད་པ་ཧ་ཅང་རླབས་ཆེན་ཞིག་ཡིན་པས། མ་འོངས་པ་ང་ཚོས་༸གོང་ས་མཆོག་གི་དགོངས་གཞི་ཆོལ་གསུམ་གཅིག་སྒྲིལ་གྱིས་མཉམ་རུབ་ཀྱི་ནུས་པ་འདོན་རྒྱུ་ནི་ཧ་ཅང་གལ་ཆེན་རེད་ཅེས་གསུངས་གནང་གི་འདུག

ཕྱག་དེབ་བཞི་དེར་༸གོང་ས་མཆོག་གིས་ཆེད་བརྗོད་བཀའ་ཡིག་སྩལ་བའི་ནང་། མགོན་པོ་གང་ཉིད་རྒྱ་གར་རང་དབང་ལུང་པར་གནས་པའི་ཆ་རྐྱེན་བེད་སྤྱད་དེ་འགྲོ་བ་སྤྱི་དང་ལྷག་དོན་དུ་འཛམ་བུ་གླིང་པ་རྣམས་ལ་ཞི་བདེ་དོན་ཕན་ལྡན་པའི་ཞབས་འདེགས་ཞུ་ཆེད་སྙིང་ལ་སེམས་བསྐྱེད་ཀྱི་དམ་བཅའ་བཞི་བཀོད་པའི་སྐོར་འཁོད་ཡོད་ཅིང་། ཕྱག་དེབ་བཞི་དེ་ཕྱོགས་བསྒྲིགས་གནང་མཁན་དཀོན་མཆོག་བསྟན་འཛིན་ལགས་ནས། ཕྱག་དེབ་བསྒྲིགས་པའི་བརྒྱུད་རིམ་དང་ནང་དོན་ཞིབ་ཕྲ་བཅས་ངོ་སྤྲོད་འགྲེལ་བརྗོད་གནང་བ་དང་ཕྱོགས་མཚུངས། ༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་ནི་སྐྱེས་བུ་གསུམ་གྱི་ལམ་རིམ་གང་ཟག་གཅིག་གིས་ཉམས་ལེན་གནང་ཐུབ་པ་ཇི་བཞིན་ཡིན་པས། བོད་མིའི་སྤྱི་ཚོགས་ལ་མཚོན་ནའང་ཧ་ཅང་གནད་འགག་ཆགས་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག
ཕྱག་དེབ་ཕྱོགས་བསྒྲིགས་ལ་མཐུན་འགྱུར་གནང་མཁན་སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་དར་སྤེལ་གླིང་གི་འགན་འཛིན་སྐལ་བཟང་དམ་ཆོས་ལགས་ནས།་༸གོང་ས་མཆོག་གི་ཐུགས་དགོངས་རྒྱ་ཆེ་འགྲུབ་པར། ང་ཚོས་རྒྱ་མཚོའི་ནང་ལ་དཀར་ཐིག་གི་ཚུལ་དུ་ཐུགས་བསྐྱེད་དམ་བཅའ་བཞིའི་བྱུང་རིམ་གཞུང་ལུགས་ཤིག་བྱུང་ན་སྙམ་སྟེ། རྩོམ་པ་པོར་རེ་སྐུལ་ཞུས་ཏེ་དེབ་བཞི་འདི་གྲུབ་པའི་སྐོར་འགྲེལ་བརྗོད་གནང་གི་འདུག
རྩ་བའི་ཕྱག་དེབ་བཞི་དེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་རིན་མེད་ཀྱི་ལམ་ནས་འགྲེམས་སྤེལ་གནང་འཆར་ཡོད་པ་དང་། ཕྱག་དེབ་དབུ་འབྱེད་དུ་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྣམ་སྤེལ་ཚང་བློ་བཟང་སྦྱིན་པ་ལགས་དང་།བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་བཅས་ཀྱང་ཆེད་དུ་ཕེབས་ཡོད་པས། དགེ་བཤེས་ལྷག་རྡོར་ལགས་ནས་༸གོང་ས་མཆོག་གི་དགོངས་གཞི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང་། རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོའི་སྐོར་སོགས་ཀྱི་གསུང་བཤད་རྒྱས་པའང་གནང་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།