༸གོང་ས་མཆོག་གི་ཨ་རིའི་ནང་གི་མཛད་འཕྲིན།
2009.04.29
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བདུན་ཕྲག་འདིའི་རེས་གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་མི་ནི་སོ་ཊ་ནང་གི་བོད་མི་ཚོར་མཇལ་ཁ་དང་བཀའ་སློབ་གནང་ཡོད་པ་རེད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཚེས་ཉི་ཤུ་བཞི་ནས་བཟུང་ཨ་མི་རི་ཀའི་ནུབ་ཕྱོགས་ཀེ་ལི་ཕོར་ནི་ཡའི་མངའ་སྡེའི་གྲོང་ཁྱེར་ཁག་གཉིས་ནང་ཆིབས་བསྒྱུར་བསྐྱང་གནང་སྟེ་དེ་གར་མཛད་འཕྲིན་ཁག་ལེགས་སྒྲུབ་གནང་བའི་རྗེས་བདུན་ཕྲག་འདིའི་རེས་གཟའ་ཟླ་བའི་ཉིན་ཨ་རིའི་ནུབ་དཀྱིལ་མི་ནི་སོ་ཊ་མངའ་ཁུལ་གྱི་གྲོང་ཁྱེར་རཱོ་ཆེ་སི་ཊར་ནང་ཡོད་པའི་མཱེ་ཡོ་ཁི་ལི་ནིཀ་ཞེས་པའི་འཛམ་གླིང་ཁྱོན་ཡོངས་ལ་སྙན་གྲགས་ཆེ་བའི་ནུབ་ཕྱོགས་པའི་གསོ་བ་རིག་པའི་ཞིབ་འཇུག་ལྟེ་གནས་ཁང་དུ་སྐུའི་འཕྲོད་བཞེད་ཐད་བརྟག་དཔྱད་གནང་བར་ཆིབས་བསྒྱུར་གནང་བའི་ཞོར་དུ་མངའ་སྡེ་དེའི་ནང་གནས་སྡོད་བོད་མི་ཚོར་མཇལ་ཁ་དང་བཀའ་སློབ་གནང་ཡོད་པ་རེད།
༸གོང་ས་མཆོག་གིས་གཙོ་བོ་གཞོན་སྐྱེས་ཚོར་བཀའ་སློབ་གནང་བའི་ནང་ཁྱེད་ཚོའི་ཕ་མ་ཚོས་ཕ་ཡུལ་དང་ཁ་བྲལ་ནས་མི་ཡུལ་དུ་ཡོང་དགོས་པའི་རྒྱུ་མཚན་ཅི་ཡིན་སྐོར་གསལ་པོ་ཤེས་རྟོགས་དགོས་གལ་ཆེན་པོ་རེད། བོད་མི་ཚོས་རང་གི་ཕ་ཡུལ་བོད་དང་ཁ་བྲལ་དགོས་པའི་རྒྱུ་མཚན་གཙོ་བོ་དེ་ནི་བོད་ནང་རྒྱ་ནག་གཞུང་གི་དབང་བསྒྱུར་འོག་གནས་ཐབས་མེད་པ་ཞིག་ཡིན་པར་བརྟེན་བོད་ཀྱི་རྩ་དོན་སླད་དུ་བོད་མི་ཚང་མས་འཚེ་མེད་ཞི་བའི་ཐབས་ལམ་ལ་འབད་བརྩོན་གནང་དགོས་ཀྱི་རེད་ཅེས་བཀའ་གནང་ཡོད་པ་རེད། ༸གོང་ས་མཆོག་གིས་མུ་མཐུད་བཀའ་གནང་དོན་ལ་བོད་པའི་གཞོན་སྐྱེས་ཚོས་དེང་དུས་ཀྱི་སློབ་སྦྱོང་ལ་སྦྱང་བརྩོན་བྱེད་དགོས་པ་དང་ཆབས་ཅིག་རང་གི་སྐད་ཡིག་དང་རིག་གཞུང་།ནང་ཆོས་སོགས་ལའང་དོ་སྣང་བྱེད་རྒྱུ་ཧ་ཅང་གི་གལ་འགངས་ཆེན་པོ་རེད་ཅེས་བཀའ་གནང་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གོང་ཞུས་རཱོ་ཆེ་སི་ཊར་ནང་ཡོད་པའི་མཱེ་ཡོ་ཁི་ལི་ནིཀ་སྨན་ཁང་དུ་ཆིབས་བསྒྱུར་གན་བ་དེ་ནི་ཕྱི་ལོ་ཉིས་སྟོང་དྲུག་ལོར་སྐུའི་བརྟག་དཔྱད་ཆེད་དེ་གར་ཆིབས་བསྒྱུར་གནང་བ་ནས་བཟུང་ཨ་རིའི་ནང་ཆིབས་བསྒྱུར་ནམ་ཡིན་ལ་རྒྱུན་ལྡན་གྱི་སྐུ་གཟུགས་འཕྲོད་བཞེད་སླད་བརྟག་དཔྱད་གནང་བ་ཞིག་ཡིན་པ་རེད།