༸གོང་ས་མཆོག་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བདེ་མཆོག་ལུ་ཨི་པའི་བཀའ་དབང་སྩལ་རྒྱུའི་ཞལ་བཞེས་གནང་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱིར་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཞུགས་སྒར་ཉེ་འདབས་སུ་ཆགས་པའི་རྒྱུད་སྟོད་གྲྭ་ཚང་དང་རྒྱ་་རྒྱ་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་རྒྱུད་སྨད་གྲྭ་ཚང་གཉིས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རིང་མིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རའི་ནང་བདེ་མཆོག་ལུ་ཨི་པའི་བཀའ་དབང་སྩལ་རྒྱུའི་ཞལ་བཞེས་གནང་ཡོད་པ་རྒྱུད་སྨད་གྲྭ་ཚང་གི་བླ་མ་དབུ་མཛད་དགེ་བཤེས་ལྷ་རམས་པ་ངག་དབང་སངས་རྒྱས་ལགས་ཀྱིས་མཇལ་ཁ་གྲུབ་པའི་རྗེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
དེ་ཡང་འདི་ཚེས་༡༥ ཉིན་གྱི་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུད་གྲྭ་སྟོད་སྨད་གཉིས་ཀྱི་མཁན་བླ་དང་དབུ་མཛད། དེ་བཞིན་ཕྱག་མཛོད་རྣམས་ལ་མཇལ་ཁ་དང་བཀའ་སློབ་གྲུབ་པའི་རྗེས། ཉེ་ལམ་གསར་དུ་བསྐོ་བཞག་གནང་བའི་རྒྱུད་སྟོན་གྲྭ་ཚང་གི་བླ་མ་དབུ་མཛད་གངས་དཀར་མཆོག་སྤྲུལ་རིན་པོ་ཆེ་ལ་མཇའ་ཁའི་སྐབས་༸གོང་ས་མཆོག་ནས་གཙོ་བོ་བཀའ་སློབ་ཇི་ཕེབས་སྐོར་བཀའ་འདྲི་ཞུས་པར། མགོན་པོ་གང་ཉིད་མཆོག་རྒྱུད་སྟོད་གྲྭ་ཚང་ལ་ཧ་ཅང་གི་ཐུགས་མཉེས་པོ་གནང་གི་ཡོད་པ་བཀའ་སློབ་ཕེབས་པ་མ་ཟད། རྒྱུད་སྟོད་གྲྭ་ཚང་དེ་བཞུགས་སྒར་དང་བར་ཐག་ཉེ་བས། གྲྭ་ཚང་དུ་ཆིབས་བསྒྱུར་གི་གོ་སྐབས་བྱུང་ཚེ། མགོན་པོ་གང་ཉིད་མཆོག་ཆེད་ཕེབས་གནང་རྒྱུའི་ཞལ་བཞེས་ཐོབ་སོང་ཞེས་འགྲེལ་བརྗོད་བྱུང་།
ད་རེས་རྒྱུད་གྲྭ་སྟོད་སྨད་གཉིས་ཀྱི་མཁན་བླ་རྣམས་ནས་༸གོང་ས་མཆོག་ལ་དམིགས་བསལ་མཇལ་ཁ་ཞུས་དགོས་པའི་རྒྱུ་མཚན་ནི། གྲྭ་ཚང་དེ་གཉིས་ཀྱི་མཁན་པོ་གསར་པ་དང་བླ་མ་དབུ་མཛད་གསར་པ་བཅས་བསྐོ་བཞག་གནང་བའི་རྗེས། མཁན་པོ་གསར་བརྗེས་དང་བླ་མ་གསར་མཇལ་ཞེས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུ་སྲོལ་ཡོད་འདུག
ཡང་རྒྱུད་སྨད་གྲྭ་ཚང་གི་མཁན་པོ་དགེ་བཤེས་ལྷ་རམས་པ་བསྟན་འཛིན་བཟང་པོ་ལགས་ཀྱིས། ད་རེས་མཇལ་ཁའི་སྐབས། ༸གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་གདན་ས་ཁག་ཏུ་ཆིབས་བསྒྱུར་གནང་རྒྱུའི་ཐུགས་རེ་ཡོད་ཀྱང་། ༸སྐུ་གཟུགས་གནས་བབ་ལ་གཞིགས་ཏེ་ཆིབས་བསྒྱུར་གནང་ཐུབ་མིན་བལྟ་རྒྱུ་རེད་ཅེས་བཀའ་གནང་ཡོད་པ་འགྲེལ་བརྗོད་གནང་ཞིང་། དེ་སྔོན་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཆེ་བའི་སྐབས། རྒྱུད་སྨད་གྲྭ་ཚང་ངོས་ནས་ཟ་འབྲུ་སོགས་གཞི་རྩའི་དགོས་མཁ་རིགས་དཀའ་འཕྲད་བཞིན་པའི་མི་མང་ཚོར་རོགས་རམ་གནང་བར་༸གོང་ས་མཆོག་ནས་བསྔགས་བརྗོད་གནང་འདུག
གཞན་ཡང་ཉིན་འདིའི་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ་མཆོག་ལ་མཇལ་ཁ་བསྩལ་འདུག་པ་མ་ཟད། རྒྱ་གར་བ་ཁག་ཅིག་ལ་ཡང་མཇལ་ཁ་བསྩལ་གནང་མཛད་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།