དཀའ་རྙོག་གི་དུས་སྐབས་འདིར་བྱམས་བརྩེ་དམ་འཛིན་བྱ་ཕྱོགས།
2012.04.20
༄༅༎ཕྱི་ཟླ་༤པའི་ཚེས་༡༩ཉིན་གྱི་སྔ་དྲོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སེན་ཌི་ཡེ་གོ་མངའ་སྡེའི་གཙུག་ལག་སློབ་གྲྭའི་དགེ་ལས་སློབ་ཕྲུག་དང་མི་མང་བཅས་ཁྱོན་མི་གྲངས་ཁྲི་གཅིག་དང་སུམ་སྟོང་བརྒལ་བར་དཀའ་ངལ་གྱི་དུས་སྐབས་སུ་བཟང་སྤྱོད་དང་བྱམས་བརྩེ་ཉམས་ལེན་བྱེད་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་གནང་མཛད་འདུག ཐོག་མར་གཙུག་ལག་སློབ་གྲྭ་དེའི་འགན་འཛིན་མཁས་དབང་ཨེལིཡེཏ་ཧརཤི་མེན་གྱིས་འཚམས་འདྲིའི་གསུང་བཤད་གནང་བའི་ནང་། ༧སྐྱབས་མགོན་ཏ་ལའི་བླ་མ་མཆོག་གཙུག་ལག་སློབ་ཁང་འདིར་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་ཆིབས་བསྒྱུར་བསྐྱངས་ནས་མཛད་འཕྲིན་སྐྱོང་བཞིན་པར་ང་ཚོ་ཧ་ཅང་གི་དགའ་སྤོབས་ཆེན་པོ་བྱུང་ཞེས་དང་། དེ་རྗེས་སེན་ཌིཡེ་གོ་གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་ཇེ་རི་སེན་ཌརསི་མཆོག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་ཞུ་ཆེད་གྲོང་སྡེའི་ལྡེ་མིག་ཅིག་འབུལ་ལམ་ཞུས་ཏེ་གསུང་བཤད་གནང་བར། ༸སྐྱབས་མགོན་ཏ་ལའི་བླ་མ་མཆོག་ལ་གྲོང་ཁྱེར་གྱི་ལྡི་མིག་འདི་འབུལ་ལམ་ཞུས་པ་བརྒྱུད་ང་ཚོའི་ངོས་ནས་ཁོང་གི་བཀའ་སློབ་ཡིད་ལ་བཅངས་ཐོག་བྱམས་བརྩེ་དང་ཞི་བདེ་གོང་འཕེལ་གཏང་སྟེ། མ་འོངས་པའི་དུས་སྐབས་བཟང་པོ་ཞིག་བསྐྲུན་རྒྱུའི་འབད་བརྩོན་ཞུ་རྒྱུ་མ་ཟད། ངས་སེན་ཌི་ཡེ་གོ་གྲོང་སྡེའི་མི་མང་ཡོངས་ཀྱི་ཚབ་ཞུས་ཏེ་གྲོང་ཁྱེར་གྱི་ལྡི་མིག་འདི་༧གོང་ས་ཏ་ལའི་བླ་མཆོག་ལ་གུས་བརྩི་དང་དགའ་སྤོབས་ལྡན་པའི་ཐོག་ནས་འབུལ་ལམ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་འདུག
དེ་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་བསལ་གཞོན་སྐྱེས་ཚོར་བཀའ་སློབ་བསྕལ་བའི་ནང༌། ང་ཚོས་དཀའ་ངལ་གྱི་དུས་སྐབས་སུ་སེམས་ཤུགས་མ་ཆག་པ་བྱེད་དགོས་པ་མ་ཟད། བཟང་པོའི་སེམས་པ་དང་རྣམ་དཔྱོད་ཟུང་དུ་འབྲེལ་བའི་ཐོག་ནས་རང་ཉིད་ཀྱི་མི་ཚེ་འདི་དོན་དང་ལྡན་པའི་ཐོག་ནས་བསྐྱལ་ཐབས་བྱེད་དགོས་པ་དང༌། རང་ཉིད་ཀྱི་མི་ཚེའི་ནང་བདེ་སྐྱིད་དང་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་དེ་བཞིན་འཛམ་གླིང་སྤྱི་ལ་ཞི་བདེ་ཡོང་ཐབས་སུ་འབད་བརྩོན་བྱ་རྒྱུ་གལ་ཆེ་པོ་ཡིན་ཞིང་འཛམ་གླིང་འདི་བཟང་ཕྱོགས་སུ་བསྐྱོད་རྒྱུར་ཞབས་འདེབས་ཆེན་པོ་ཞིག་བསྒྲུབ་ཐུབ་རྒྱུའི་ཆེད་རང་ཉིད་ཀྱི་བཟང་པོའི་སེམས་པར་ལེགས་ཉེས་འབྱེད་པའི་ཤེས་རབ་གསོ་སྐྱོང་ཐད་དོ་སྣང་བྱས་ཏེ་མི་ཚེ་དྲང་བདེན་ཐོག་བསྐྱལ་ཐུབ་པ་བྱེད་དགོས་པ་དེ་ནི་ལུས་རྟེན་གྱི་ས་བོན་དང་གཞི་རྟེན་ཡང་དེ་ཉིད་ཡིན་ཞེས་སོགས་ཀྱི་བཀའ་སློབ་བསྩལ་གནང་མཛད་ཡོད་འདུག།