༸གོང་ས་མཆོག་ནས་བོད་ཀྱི་བདེ་དོན་ཐད་ཐུགས་འགན་མུ་མཐུད།

༸གོང་ས་མཆོག་ནས་བོད་ཀྱི་བདེ་དོན་ཐད་ཐུགས་འགན་བཞེས་རྒྱུ་མིན་པ་བཀའ་གནང་པ་ཞིག་རྩ་བ་ནས་མིན་ལུགས་གསལ་བཤད་གནང་འདུག

2008.10.28

༄༅༎ཉེ་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གཞུང་ལ་ཐུགས་ཡིད་ཆེས་བརླག་ཕེབས་ཀྱི་ཡོད་པ་བཀའ་གནང་པ་དེ་ནི་རྒྱ་ནག་གཞུང་གིས་བྱ་སྤྱོད་ལ་དགོངས་སྟེ་གསུངས་པ་ཞིག་ལས་རྒྱ་ནག་མི་དམངས་ལ་དགོངས་པ་ཞིག་མིན་ལ་བོད་ཀྱི་བདེ་དོན་ཐད་ཐུགས་འགན་བཞེས་རྒྱུ་མིན་པ་བཀའ་གནང་པ་ཞིག་ཀྱང་རྩ་བ་ནས་མིན་ལུགས་བཙན་བྱོལ་བོད་གཞུང་གི་དབྱིན་ཡུལ་གྱི་སྐུ་ཚབ་དོན་གཅོད་ཚེ་རིང་བཀྲིས་ལགས་ཀྱིས་ཁ་སང་སྦི་སྦི་སི་བརྙན་འཕྲིན་ལས་རིམ་ཞིག་གི་ཐོག་གསལ་བཤད་གནང་འདུག

ཁོང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་ལོ་ངོ་གསུམ་བཅུ་ལྷག་རིང་བོད་རྒྱའི་དཀའ་རྙོག་དེ་བོད་རྒྱ་མི་རིགས་གཉིས་ཀར་ཕན་པའི་དབུ་མའི་ལམ་གྱི་དགོངས་གཞི་དེའི་ཐོག་ནས་སེལ་རྒྱུར་འབད་བརྩོན་ཆེན་པོ་གནང་པར་རྒྱ་ནག་གཞུང་གིས་དྲང་བདེན་གྱི་ཡ་ལན་རྩ་བ་ནས་བྱེད་ཀྱི་མེད་པར་དགོངས་སྟེ་རྒྱ་ནག་གཞུང་ལ་ཐུགས་ཡིད་ཆེས་བརླག་ཕེབས་ཀྱི་ཡོད་པ་བཀའ་གནང་པ་ལས་རྒྱ་ནག་མི་དམངས་ཐོག་དགོངས་པ་ཞིག་མིན་པ་གསུངས་ཡོད་པ་རེད། རྒྱ་ནག་ཕྱི་ནང་དུ་གནས་པའི་མཁས་པ་དང་བསམ་ཡོད་མི་སྣའི་ཁྲོད་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་མའི་ལམ་གྱི་དགོངས་བཞེས་དེར་རྒྱབ་སྐྱོར་ཆེན་པོ་ཞུ་བཞིན་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད། དེ་བཞིན་ཁོང་གིས་བོད་མིའི་བདེ་དོན་གྱི་ཐུགས་འགན་མུ་མཐུད་བཞེས་རྒྱུ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རྩ་བའི་ཐུགས་དགོངས་གསུམ་གྱི་ཁོངས་ནས་གཅིག་ཡིན་སྟབས་བོད་ཀྱི་བདེ་དོན་དེ་ཐུགས་བློས་ནམ་ཡང་གཏོང་གནང་རྒྱུ་མིན་པ་གསལ་བཤད་གནང་ཡོད་པ་རེད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་གསུང་འཕྲིན་དེའི་ཐོག་རྒྱལ་སྤྱིའི་གསར་འགོད་པ་དང་གནད་དོན་དབྱེ་ཞིབ་པ་ཚོས་དོ་སྣང་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་ཅིང་བརྒྱུད་ལམ་ཁག་གི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་ནག་དང་འབྲེལ་ལམ་གནང་པའི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་ཐུགས་རེ་གནང་གི་མེད་ལུགས་དང་ཡང་འགའ་ཞིག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་གཏོང་གནང་གིས་ཕྱི་ཟླ་བཅུ་གཅིག་པའི་ནང་ཚོགས་རྒྱུའི་བོད་མིའི་དམིགས་བསལ་ཚོགས་ཆེན་ཐོག་རང་བཙན་གཙང་མའི་ཐབས་ལམ་དུ་འགྲོ་རྒྱུའི་ཐག་གཅོད་གནང་སྲིད་ལུགས་སོགས་གནས་ཚུལ་དང་བསམ་ཚུལ་སྣ་ཚོགས་ཤིག་བཀོད་སྤེལ་བྱེད་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎