༸གོང་ས་མཆོག་གིས་ལ་དྭགས་སུ་ཟླ་བ་གཅིག་ལྷག་རིང་ས་གནས་༡༡ ཙམ་གྱི་ནང་མཛད་འཕྲིན་བསྐྱངས་པ།

2022.08.26
༸གོང་ས་མཆོག་གིས་ལ་དྭགས་སུ་ཟླ་བ་གཅིག་ལྷག་རིང་ས་གནས་༡༡ ཙམ་གྱི་ནང་མཛད་འཕྲིན་བསྐྱངས་པ།
དགའ་ལྡན་ཕོ་བྲང་། སྒྲིག་བཟོ།

བོད་ཀྱི་བླ་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་ཟླ་༨ པའི་ཚེས་༢༥ཉིན་ལྕོག་ལམ་གསར་ཆགས་པའི་ལ་དྭགས་དགོན་ཚོགས་ཀྱི་ཚོགས་ཁང་གསར་པ་དབུ་འབྱེད་རབ་གནས་མཛད་དེ་བོད་ཀྱི་སྐད་ཡིག་གི་གལ་གནད་སྐོར་བཀའ་སློབ་སྩལ་ཞིང་། ལྷག་པར་དུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་ཚོས། བོད་ཀྱི་སྐད་ཡིག་ལ་དོ་སྣང་དང་སློབ་སྦྱོང་བྱ་རྒྱུ་གལ་ཆེར་ཡིན་པ་གསུངས་འདུག་པ་མ་ཟད། དབུ་མའི་ལམ་གྱི་སྲིད་བྱུས་འཛིན་པའི་དགོས་དམིགས་གཙོ་བོ་ཞིག་ནི་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་བོད་མི་རང་གིས་མི་ཉམས་རྒྱུན་འཛིན་བྱ་རྒྱུ་དེ་ཡིན་པ་བཀའ་སློབ་སྩལ་འདུག
སྤྱི་ལོ་༢༠༢༢ ཟླ་༧ ཚེས་༡༥ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཁུལ་དུ་ལོ་བཞིའི་རྗེས་ཆིབས་བསྒྱུར་བསྐྱངས་ནས། ཁུལ་འདིར་ས་གནས་ཁག་མི་འདྲ་བར་༡༡ ལྷག་གི་ནང་རླབས་ཆེན་གྱི་མཛད་འཕྲིན་མང་དག་ཅིག་བསྐྱངས་འདུག
དེ་ཡང་སྤྱི་ཟླ༧ ཚེས་ ༢༣ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་རྒྱལ་ས་སླེ་རུ་ཆོས་ལུགས་ཁག་གི་ཆོས་ཁང་ཁག་ནང་གནས་གཟིགས་ཕེབས་པའི་ཁྲོད། ལ་དྭགས་སླེ་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཁ་ཆེའི་ལྷ་ཁང་ཞིག་ནང་ཆིབས་བསྒྱུར་གྱིས། ཆོས་ལུགས་མཐུན་སྒྲིལ་གྱི་གལ་གནད་སྐོར་བཀའ་སློབ་བསྩལ་འདུག
ཡང་སྤྱི་ཟླ་༧ ཚེས་ ༢༨ ནས་ ༣༠ བར་ཉིན་གྲངས་གསུམ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཞི་བའི་ཚལ་ཕོ་བྲང་གི་གསུང་ཆོས་རྭ་བའི་ནང་། དད་ལྡན་ཆོས་ཞུ་བ་༤༥༠༠༠ ལྷག་ལ་ནང་ཆོས་ངོ་སྤྲོད་དང་སྤྱོད་འཇུག་གི་བཀའ་ཆོས་བསྩལ་གནང་མཛད་ཅིང་། བཀའ་ཆོས་ཉིན་དང་པོར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། འགྲོ་བ་མི་ཚང་མ་སྤྱི་ཚོགས་ལ་བརྟེན་ནས་གནས་ཡོད་པས། མི་ཚེ་དོན་དང་ལྡན་པ་ཞིག་ཡོང་དགོས་ན། སོ་སོ་གནས་ཡུལ་སྤྱི་ཚོགས་དེའི་ནང་འཆམ་མཐུན་དང་སེམས་བཟང་བྱ་རྒྱུ་དེ་རེད་ཅེས་དང་། འཛམ་གླིང་ཞི་བདེ་སྐྲུན་པར་ཁ་ནས་བཤད་པ་ཙམ་གྱིས་འདང་གི་མེད་པར། གཙོ་བོ་ནང་སེམས་ཞི་བདེ་སྐྲུན་དགོས་གལ་ཆེ་བ་སོགས་བཀའ་སློབ་སྩལ་འདུག
ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་དཔལ་རྔམ་དུས་སྟོན་ལ་ཆིབས་བསྒྱུར་གྱིས། ལ་དྭགས་རང་སྐྱོང་ས་ཁུལ་གྱི་གནད་ཡོད་མི་སྣ་དང་དགེ་སློབ། དེ་བཞིན་དད་ལྡན་མི་མང་བརྒྱ་ཕྲག་བརྒལ་བ་ལྷན་འཛོམས་ཐོག་མགོན་པོ་གང་ཉིད་མཆོག་ལ་དཔལ་རྔམ་གཟེངས་རྟགས་འབུལ་བཞེས་མཛད་ཅིང་། བདེ་སྐྱིད་ཀྱི་རྩ་བ་ནི་བྱང་ཆུབ་སེམས་ཉམས་ལེན་བྱ་རྒྱུ་དེ་ཡིན་པ་སོགས་བཀའ་སྩལ་འདུག
དེ་ནས་སྤྱི་ཟླ་༨ ཚེས་ ༧ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་བོད་ཁྱིམ་སློབ་གྲྭར་ཆིབས་བསྒྱུར་གྱིས། ལ་དྭགས་བསོད་ནམས་གླིང་བོད་མི་དང་བོད་ཁྱིམ་སློབ་གྲྭའི་དགེ་ལས་སློབ་མ་ཡོངས་ལ་བཀའ་སློབ་བཀའ་དྲིན་སྩལ་འདུག་ཅིང་། ད་བར་བོད་རྒྱ་ཆེ་མི་མང་ཀྱི་སེམས་ཤུགས་དང་། སྙིང་སྟོབས། ལྷག་བསམ་བཅས་ལ་བརྟེན་ནས་བོད་ཀྱི་འཐབ་རྩོད་དེ་མུ་མཐུད་ནས་གསོར་གནས་ཐུབ་པ་བྱུང་ཡོད་པས། ད་དུང་མ་འོངས་པ་ཡང་་ཚང་མས་དམ་ཚིག་དབྱེ་བ་མེད་པའི་སྒོ་ནས་གནས་དགོས་པའི་གལ་གནད་སྐོར་བཀའ་སློབ་སྩལ་འདུག
ཡང་སྤྱི་ཟླ་ ༨ ཚེས་ ༡༠ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ལིང་ཤེད་སྐུ་འབུམ་བཀྲ་ཤིས་གླིང་དགོན་དུ་ཆིབས་བསྒྱུར་གྱིས། དད་ལྡན་ཆོས་ཞུ་བ་རྣམས་ལ་ནང་ཆོས་ངོ་སྤྲོད་དང་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཆོས་སྩལ་ཡོད་པ་རེད།
ཡང་སྤྱི་ཟླ་ ༨ ཚེས་ ༡༡ ནས་༡༤ བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཟངས་དཀར་ཁུལ་དུ་ཆིབས་བསྒྱུར་མཛད་དེ། ཁུལ་དེར་དད་ལྡན་ཆོས་ཞུ་བ་༤༠༠༠ཙམ་ལ་སེམས་བསྐྱེད་ཀྱི་ཆོས་འབྲེལ་སྩལ་ཡོད་པ་དང་། ཚེས་ ༡༣ ཉིན་ཟངས་དཀར་དུ་རྟེན་གཞི་བྱས་པའི་ཕོ་བྲང་རྙིང་པར་སློབ་ཕྲུག་རྣམས་ལ། འབྱུང་འགྱུར་འཛམ་གླིང་དེ་ཇི་འདྲ་ཞིག་ཆགས་མིན་དེ་མི་མང་སྤྱི་དང་། ལྷག་པར་དུ་གཞོན་སྐྱེས་ཚོ་ནི་ཧ་ཅང་གི་གལ་འགངས་ཆེན་པོ་ཆགས་ཡོད་པས། ད་ལྟའི་གཞོན་སྐྱེས་ཚོར་སྤྱོད་བཟང་ལྡན་པའི་འཛམ་གླིང་ཞིག་སྐྲུན་དགོས་པའི་གལ་གནད་སྐོར་སློབ་གསོ་སྤྲོད་དགོས་པ་སོགས་ཀྱི་སྐོར་བཀའ་སྩལ་འདུག
སྤྱི་ཟླ་༨ ཚེས་ ༢༥ ཉིན༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྕོག་ལམ་གསར་ཆགས་པའི་ལ་དྭགས་དགོན་ཚོགས་ཀྱི་ཚོགས་ཁང་དབུ་འབྱེད་རབ་གནས་མཛད་དེ། བཀའ་སློབ་བཀའ་དྲིན་སྩལ་ཡོད་པ་རེད།
མདོར་སྤྱི་ནོར༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཁུལ་དུ་ཟླ་བ་གཅིག་དང་ཉིན་༡༠ རིང་སྐུ་བཞུགས་མཛད་པའི་རིང་འདིར་རླབས་ཆེན་གྱི་མཛད་པ་འཕྲིན་ལས་མང་དག་ཅིག་བསྐྱངས་རྗེས། སྤྱི་ཟླ་༨ པའི་ཚེས་༢༦ ཉིན་གྱི་སྔ་དྲོ་མཁའ་ལམ་བརྒྱུད་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད་ཡོད་པ་རེད།།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎