༸གོང་ས་མཆོག་ནས་ཡོ་རོབ་བོད་མིར་གསུང་འཕྲིན་སྩལ་བ།
2008.10.11
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་བཅུ་པའི་ཚེས་བཅུ་གཅིག་དང་བཅུ་གཉིས་ཉིན་གྲངས་གཉིས་རིང་སུད་སི་གྲོང་ཁྱེར་སྦ་སེལ་དུ་ཚོགས་བཞིན་ཡོད་པའི་ཡོ་རོབ་བོད་མིའི་ཚོགས་ཆེན་ལ་བཀའ་སློབ་གསུང་འཕྲིན་ཞིག་སྩལ་གནང་མཛད་འདུག
༸གོང་ས་མཆོག་གི་གསུང་འཕྲིན་ནང་འཁོད་པར་ཡོ་རོབ་ཁུལ་དུ་གནས་སྡོད་བོད་མི་སྤྱི་དང་ལྷག་པར་དུ་ཁོང་ཚོའི་ཁྲོད་ནས་མི་གྲངས་མང་ཤོས་ཤིག་དེ་སྔ་ལོ་རབས་དྲུག་བཅུ་ཙམ་ནས་སུད་སི་ཁུལ་དི་གཞིས་ཆགས་བྱས་ཡོད་པ་ཚོས་རང་རང་གནས་ཡུལ་རྒྱལ་ཁབ་ཀྱི་སྤྱི་ཚོགས་ལམ་སྲོལ་འདྲ་མིན་དང་གོ་བསྟུན་གྱིས་འཚོ་གནས་ཐུབ་ཡོད་པར་མ་ཟད་རང་རེ་བོད་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་བཅས་པ་མི་ཉམས་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་ཐུབ་པའི་ཆེད་དུའང་དཀའ་སྤྱད་འབད་རྩོལ་ཆེན་པོ་བསྟན་ཡོད་ཅེས་དང་ད་དུང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སངས་རྒྱས་ཀྱི་ཆོས་ཀྱི་ཤུགས་རྐྱེན་གཏིང་ཟབ་ཡོད་པའི་བོད་ཀྱི་རིག་གཞུང་ལ་མཚོན་ན་ཤེས་བྱ་དང་ལྟ་གྲུབ་ཀྱི་རིན་ཐང་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་ཡོད་པའི་དབང་གིས་འགྲོ་བ་མིའི་རིགས་ཀུན་ལ་ཕན་བདེ་བསྐྲུན་རྒྱུའི་ནུས་པ་ཆེན་པོ་ལྡན་ཡོད་པར་ངོས་ནས་ངོས་འཛིན་བྱེད་ཀྱི་ཡོད་ དོན་དངོས་ཐོག་མི་རབས་གསར་པའི་བོད་རིགས་ན་གཞོན་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ནང་སྐྱེས་འཚར་བྱུང་བ་དག་གིས་རང་གི་ཕ་མེས་རྒན་རབས་ཚོའི་རྗེས་ཤུལ་བཟུང་སྟེ་བཙན་བྱོལ་གྱི་གནས་སྟངས་འོག་ནས་བོད་ཀྱི་རིག་གཞུང་བཟང་པོའི་ཤུལ་གཞག་རྣམས་མི་ཉམས་རྒྱུན་འཛིན་དང་བདག་བཟུང་བྱེད་ཐུབ་པས་མ་ཚད་རྒྱལ་སྤྱིའི་མང་ཚོགས་ཀྱི་ཁྲོད་དུའང་བོད་ཀྱི་གནད་དོན་ངོ་སྤྲོད་བྱ་རྒྱུས་མཚོན་བོད་འབྲེལ་གནས་ཚུལ་ཁྱབ་བསྒྲགས་ཤུགས་ཆེ་བྱེད་ཐུབ་པ་བྱུང་ཡོད་པ་དེ་ནི་ཡོངས་སུ་དགའ་སྤོབས་བྱེད་འོས་པ་ཞིག་ཡིན་ཞེས་བཀའ་གནང་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཚོགས་བཅར་བ་འཐུས་མི་ཚོ་བརྒྱུད་ཡོ་རོབ་ཁུལ་དུ་གནས་སྡོད་བོད་མི་ཡོངས་ལ་གོང་གསལ་གྱི་ལས་དོན་ཁག་གི་ཐོག་ཚང་མས་སྔར་ལྷག་འབད་བརྩོན་ཧུར་སྐྱེད་དགོས་པའི་སྐུལ་ལྕག་གནང་ཞིང་ཚོགས་ཆེན་གྱི་ལས་རིམ་ལམ་ལྷོངས་ཡོང་བའི་ཐུགས་སྨོན་མཚམས་སྦྱོར་དང་བཅས་ཞེས་གསུང་འཕྲིན་བསྩལ་གནང་ཡོད་པ་རེད།