༧གོང་ས་མཆོག་གིས་འབྱུང་འགྱུར་འཐུང་ཆུ་དཀོན་པོ་ཆགས་རྒྱུ་ཡིན་པས། ང་ཚོ་ལ་གཙང་པོ་ཆེ་ཁག་སྲུང་སྐྱོབ་ཀྱི་འགན་འཁྲི་ཡོད་པ་བཀའ་སློབ་བསྩལ་བ།

2022.04.22
༧གོང་ས་མཆོག་གིས་འབྱུང་འགྱུར་འཐུང་ཆུ་དཀོན་པོ་ཆགས་རྒྱུ་ཡིན་པས། ང་ཚོ་ལ་གཙང་པོ་ཆེ་ཁག་སྲུང་སྐྱོབ་ཀྱི་འགན་འཁྲི་ཡོད་པ་བཀའ་སློབ་བསྩལ་བ། ཁྱེད་ཚོའི་ཕྱག་ལས་ནི་བྱམས་བརྩེའི་ཉམས་ལེན་ངོ་མ་དེ་རེད། ང་ཚོའི་འབྱུང་འགྱུར་གྱི་མི་རབས་ཚོའི་ཆེད་ཐབས་ཤེས་ཡོད་ཚད་བཙལ་ཏེ་འཐུང་ཆུ་གཙང་མ་ཉར་རྒྱུ་ནི་ང་ཚོའི་འགན་འཁྲི་རེད་ཅེས་བཀའ་གནང་གི་འདུག
OHHDL

བཞུགས་སྒར་རྡ་རམ་ས་ལར་འཚོག་བཞིན་པའི་Dialogue for our future: A call for climate action འཛམ་གླིང་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་ཆེན་དུ་ཚོགས་ཞུགས་པ་ཚོར། སྤྱི་ཟླ་༤པའི་ཚེས་༢༢ཉིན་འཛམ་གླིང་ས་གོ་ལའི་ཉི་མ་དང་སྐབས་བསྟུན།༧གོང་ས་མཆོག་གིས་བཞུགས་སྒར་ཕོ་བྲང་དུ་མཇལ་ཁ་བཀའ་སློབ་སྩལ་ཡོད་ཅིང་། སྐབས་དེར་༧གོང་ས་མཆོག་གིས་འབྱུང་འགྱུར་འཐུང་ཆུ་དཀོན་པོ་ཆགས་ངེས་པར་ཡིན་པར་བརྟེན། ང་ཚོ་ལ་ཚེ་སྲོག་གི་རྟེན་གཞི་གཙང་པོ་ཆེ་ཁག་ཚོར་སྲུང་སྐྱོབ་ཀྱི་འགན་ཁུར་འཁྲི་ཡོད་པ་ལམ་སྟོན་གནང་གི་འདུག
ད་ཆ་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་རིམ་པས་འཐུང་ཆུ་ཇེ་ཉུང་དུ་འགྲོ་བཞིན་པར་བརྟེན། ང་ཚོར་འཐུང་ཆུ་ཉར་ཚགས་ཀྱི་ཐབས་ལམ་འཚོལ་རྒྱུའི་འགན་ཁུར་འཁྲི་ཡོད་པ་དང་། བོད་ནི་ཨེ་ཤེ་ཡའི་ཡུལ་ལུང་གི་གཙང་པོ་ཆེ་ཁག་ཚོའི་འབྱུང་ཁུངས་དང་། རིམ་པས་ང་ཚོར་ཆུ་གཙང་མ་གཏན་ཆད་དུ་འགྲོ་ཉེན་གྱི་བསམ་བློ་འཁོར་ཆོག་པ་ཞིག་ཡིན་པས། དེ་ལ་སྲུང་སྐྱོབ་ཀྱི་ཐབས་ལམ་འཚོལ་རྒྱུ་གལ་ཆེན་ཡིན་པ་དང་། ཁོར་ཡུག་སྲུང་སྐྱོབ་པ་ཁྱེད་ཚོའི་ཕྱག་ལས་ལ་རྗེས་སུ་ཡི་རང་ཆེན་པོ་ཡོད་ཅིང་། གང་ལྟར། ཁྱེད་ཚོའི་ཕྱག་ལས་ནི་བྱམས་བརྩེའི་ཉམས་ལེན་ངོ་མ་དེ་རེད། ངོས་རང་ད་ལྟ་རང་ལོ་༨༧དང་ལོ་ངོ་༡༠དང་༡༥རྗེས་ནས་མི་ཚེ་རིམ་པས་རྫོགས་འགྲོ་ངེས་རེད། འོན་ཀྱང་ང་ཚོའི་འབྱུང་འགྱུར་གྱི་མི་རབས་ཚོའི་ཆེད་ཐབས་ཤེས་ཡོད་ཚད་བཙལ་ཏེ་འཐུང་ཆུ་གཙང་མ་ཉར་རྒྱུ་ནི་ང་ཚོའི་འགན་འཁྲི་རེད་ཅེས་བཀའ་གནང་གི་འདུག་པ་དང་། ཡང་༧གོང་ས་མཆོག་གིས་འཕྲུལ་རིག་ལག་རྩལ་བེད་སྤྱོད་ཀྱིས་རྒྱ་མཚོའི་ཚྭ་ཆུ་དེ་འཐུང་ཆུ་ལ་བསྒྱུར་ཐུབ་པ་དེས། བྱེ་ཐང་མང་པོ་སྔོ་ལྗང་ཅན་དུ་བསྒྱུར་ཐུབ་རྒྱུ་རེད་ཅེས་བཀའ་གནང་གི་འདུག
ང་ཚོ་ལ་རྒྱ་མཚོའི་ཚྭ་ཆུ་འཐུང་ཆུར་བསྒྱུར་ཐུབ་པའི་འཕྲུལ་ལས་ལག་རྩལ་དར་ཚར་ཡོད་པས། ཨ་རབ་ཀྱི་བྱེ་ཐང་ཆེན་པོ་དང་རྒྱ་གར་གྱི་བྱེ་ས་ཁ་ཤས་བཅས་འཕྲུལ་རིག་བེད་སྤྱོད་ཀྱིས་ཚྭ་ཆུ་འཐུང་ཆུ་གཙང་མར་བསྒྱུར་ཐུབ་ན། རྒྱ་གར་དང་ཨ་རབ་ཀྱི་བྱེ་ས་ཁག་སྔོ་ལྗང་ཅན་དུ་བསྒྱུར་ཐུབ་པར་བརྟེན། དུས་རབས་ཁ་ཤས་ཀྱི་རིང་ང་ཚོས་འཐུང་ཆུ་གཙང་མ་ཉར་ཐུབ་ངེས་རེད་ཅེས་བཀའ་གནང་གི་འདུག་པ་མ་ཟད། འཐུང་ཆུ་གཙང་ཉར་དང་ཁོར་ཡུག་གི་གོ་རྟོགས་དེ་ཤེས་ཡོན་སློབ་གསོ་བརྒྱུད་ནས་སྤེལ་དགོས་པ་དང་། དེང་སང་མི་གང་མང་གིས་ཁོར་ཡུག་ལ་དོ་ཁུར་བྱེད་བཞིན་པ་དེར། ༧གོང་ས་མཆོག་གིས་ཡི་རང་བསྔགས་བརྗོད་ཀྱི་བཀའ་གནང་གི་འདུག
ཡང་ཉིན་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༢༢ ལོའི་གོ་ལའི་ཉིན་མོར་གསུང་འཕྲིན་ཞིག་སྩལ་བའི་ནང་། འགྲོ་བ་མི་ཙམ་མིན་པར་སེམས་ཅན་དུད་འགྲོ་དང་། བྱ་བྱིའུ། འབུ་སྲིན་ཕྲ་མོ་ཚང་མར་བདེ་སྐྱིད་འདོད་པ་དང་སྡུག་བསྡུལ་མི་འདོད་པ་ཤ་སྟག་ཡིན་པ་ང་ཚོས་དྲན་གསོ་བྱེད་དགོས། ང་ཚོ་འགྲོ་བ་མི་ལ་ཁྱད་དུ་འཕགས་པའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཡོད་པ་དེས་ང་ཚོར་བྱ་བ་བཟང་པོ་ཞིག་བསྒྲུབ་པར་དམིགས་བསལ་གྱི་གོ་སྐབས་མང་པོ་སྐྲུན་གྱི་ཡོད། ང་ཚོས་དེ་རིང་ཁ་སང་འཛམ་གླིང་གི་གནས་བབས་ཇི་འདྲ་ཞིག་ཡིན་མིན་སྐོར་བལྟས་ཚེ། ང་ཚོས་ངེས་པར་དུ་ཤུགས་སྣོན་རྒྱག་དགོས་པའི་གནས་སུ་གྱུར་ཡོད་ཅེས་བཀའ་ཕེབས་འདུག
དེང་སང་མི་གང་མང་གིས་འཛམ་གླིང་གི་ཁོར་ཡུག་ལ་དོ་ཁུར་བྱེད་བཞིན་པར། ངོས་ནས་ཡི་རང་ཆེན་པོ་བྱེད་བཞིན་པའི་ཁར། འཐུང་ཆུ་ནི་རང་བཞིན་གྱིས་ང་ཚོའི་འཚོ་བའི་རྟེན་གཞི་ཆགས་ཡོད་པ་དང་། འབྱུང་འགྱུར་གྱི་དུས་རབས་ཁ་ཤས་རིང་ང་ཚོས་འཐུང་ཆུ་གཙང་མ་ཉར་ཐུབ་ངེས་རེད་ཅེས་བཀའ་གནང་གི་འདུག་ཅིང་། ཁོར་ཡུག་ཚོགས་ཞུགས་པ་ཚོས་ཉིན་གུང་རྒྱབ་ནས་ཚོང་ལས་དང་འཕྲུལ་རིག། རང་བྱུང་གི་རླུང་དང་ཆུ།ཉི་འོད་ནུས་པ་སོགས་ལ་བརྟེན་ནས་ཁོར་ཡུག་སྲུང་སྐྱོབ་ཐུབ་པ་དང་། མིའི་དགོས་མཁོའང་སྒྲུབ་ཐུབ་པའི་ཐབས་ལམ་སྣ་མང་གི་ཐོག་བགྲོ་གླེང་གནང་ཡོད་པ་རེད།

ད་རེས་བཞུགས་སྒར་རྡ་རམ་ས་ལར་གོང་ཞུས་ཚོགས་པ་བཞི་ཐུན་མོང་ནས་གོ་སྒྲིག་གནང་བའི་ང་ཚོའི་འབྱུང་འགྱུར་གྱི་ཆེད་གྲོས་མོལ་དང་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་འབོད་སྐུལ་ཞེས་བའི་བརྗོད་གཞིའི་འོག་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་ཐོག་མཁས་པ་དང་། ཉམས་ཞིབ་པ། ལས་འགུལ་བ་སོགས་ལྷན་ལྷན་ཞུགས་ཀྱིས་ཁོར་ཡུག་གི་ཚོགས་འདུ་ཞིག སྤྱི་ཟླ་༤པའི་ཚེས་༢༡ནས་༢༣་བར་ཉིན་གྲངས་གསུམ་རིང་ཚོགས་བཞིན་པའི་སྐབས་དང་བསྟུན་༸གོང་ས་མཆོག་ནས་དམིགས་བསལ་མཇལ་ཁ་དེ་སྩལ་ཡོད་པ་རེད།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎