སྙིང་རྗེ་ལ་བརྟེན་ནས་འཛམ་གླིང་ལ་འགྱུར་བ་ཆེན་པོ་གཏོང་ཐུབ་པ་དང་། རྒྱ་གར་ལའང་སྟོབས་འབྱོར་རྒྱས་ཐུབ། ༸གོང་ས་མཆོག་གིས།

2022.10.28
སྙིང་རྗེ་ལ་བརྟེན་ནས་འཛམ་གླིང་ལ་འགྱུར་བ་ཆེན་པོ་གཏོང་ཐུབ་པ་དང་། རྒྱ་གར་ལའང་སྟོབས་འབྱོར་རྒྱས་ཐུབ། ༸གོང་ས་མཆོག་གིས།
དགའ་ལྡན་ཕོ་བྲང་།

རྒྱ་གར་གཞུང་གི་ཚན་རིག་དང་བཟོ་ལས་ལྷན་ཚོགས་ཀྱི་Council of Science & Industrial Research ཚོགས་མི་དང་བརྟག་དཔྱད་ཁང་༣༧གྱི་ཚན་རིག་པ་ཚོས། ཉི་མ་གཉིས་རིང་བཞུགས་སྒར་ཁུལ་དུ་ཚོགས་འདུ་ཞིག་འཚོགས་ཞུགས་གནང་བཞིན་པའི་སྐབས་དང་དང་བསྟུན། སྤྱི་ཟླ་༡༠ཚེས་༢༨ཉིན་བཞུགས་སྒར་ཕོ་བྲང་དུ་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ལ་མཇལ་ཁ་ཞུས་ཡོད་ཅིང་། ལྷན་ཚོགས་ཀྱི་འགན་འཛིན་ལྕམ་Dr N Kalaiselvi ལགས་ནས་རྒྱ་གར་གྱི་ཚན་རིག་པ་ཚོར་༧གོང་ས་མཆོག་གིས། སྙིང་རྗེ་ལ་བརྟེན་ནས་འཛམ་གླིང་ལ་འགྱུར་བ་ཆེན་པོ་གཏོང་ཐུབ་པ་དང་། རྒྱ་གར་ལའང་སྟོབས་འབྱོར་རྒྱས་ཐུབ་པ་སོགས་བཀའ་བསྩལ་ཡོད་པ་འགྲེལ་བརྗོད་གནང་སོང་།
ཁོང་ཚོར་“ཆུ་ཚོད་གཅིག་ཙམ་གྱི་རིང་༧གོང་ས་མཆོག་གིས་བཀའ་སློབ་གནང་བའི་སྐབས་སུ། སྙིང་རྗེ་ཉམས་ལེན་གནང་དགོས་པའི་སྐོར་རྐྱང་རྐྱང་བཀའ་གནང་གི་འདུག་པ་མ་ཟད། སྙིང་རྗེའི་བསམ་པ་ཁོ་ན་ལ་བརྟེན་ནས་ང་ཚོས་འཛམ་གླིང་ལ་འགྱུར་བ་ཆེན་པོ་བཏང་ཐུབ་པ་དང་། ང་ཚོ་འཆམ་མཐུན་མཉམ་གནས་བྱེད་ཐུབ་པ་མ་ཟད། རྒྱ་གར་ལའང་སྟོབས་འབྱོར་རྒྱས་ཐུབ་པ་དང་། རྒྱ་གར་ལ་སྙིང་རྗེ་དང་འཚེ་བ་མེད་པའི་ཉམས་ལེན་སོགས་ཀྱི་ཤུལ་བཞག་གཏིང་ཟབ་ཡོད་པའི་”དྲན་སྐུལ་གནང་གི་འདུག་ཅེས་འགྲེལ་བརྗོད་གནང་སོང་།

གཞན་ཡང་སྨན་གྱི་ཚན་རིག་ཞིབ་འཇུག་པ་རཱ་ཐཱ་རངྒཱ་རཱ་ཇི་ལགས་ནས།༧གོང་ས་མཆོག་ལ་མཇལ་རྒྱུ་བྱུང་བ་ནི་མི་ཚེའི་ནང་བྱུང་མ་མྱོང་བའི་བསྐལ་བཟང་གི་གོ་སྐབས་ཤིག་ཡིན་པ་འགྲེལ་བརྗོད་གནང་གི་འདུག དེ་ཡང་ཁོང་གིས། མཇལ་ཁ་འདི་ནི་མི་ཚེའི་ནང་བྱུང་མ་མྱོང་བའི་བསྐལ་བཟང་གི་གོ་སྐབས་ཤིག་སྟེ།༧གོང་ས་མཆོག་གི་ཞལ་མཇལ་གསུང་ཐོས་ཀྱི་རིང་དེར། ང་རང་ལ་བརྩེ་བ་དང་བདེ་སྐྱིད། ཡིད་ཚིམ་པའི་ཚོར་བ་ཧ་ཅང་གཏིང་ཟབ་ཞིག་བྱུང་ལ། དམིགས་བསལ་ང་ལ་ཁོང་གི་ཕྱག་དེབ་སྤྲོ་སྣང་དུ་འབོད་པ་དེས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པས། ཞལ་དངོས་སུ་མཇལ་ཏེ་ཐག་ཉེར་བཅར་ནས་སྙིང་རྗེའི་སྐོར་གྱི་ལམ་སྟོན་ལ་ཉན་སྐབས།དེ་ནི་འགྲོ་བ་མིའི་ལྷད་མེད་ཀྱི་རང་བཞིན་ཡིན་པར་ཚོར་ཏེ་དགའ་སྤྲོ་བརྗོད་མི་ཐུབ་པར་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎