༸གོང་ས་མཆོག་ལོང་སྦི་ཅ་ལ་ཞབས་སོར་འཁོད་གནང་བ།
2012.04.20
༄༅༎སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་མི་རི་ཀའི་ཀེ་ལི་ཕོར་ནི་ཡའི་གྲོང་ཁྱེར་སེན་ཌི་ཡེ་གོ་ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་ཀེ་ལི་ཕོར་ནི་ཡའི་ལོང་སྦིཆ་ས་གནས་སུ་ཆིབས་ཞལ་བསྒྱུར་ཡོད་པའི་སྐོར་དེ་རིང་བཙན་བྱོལ་བོད་མིའི་སྒྲིད་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་བཞི་པའི་ཚེས་༡༨ ནས། དེ་རིང་ཚེས་༢༠བར་ཀེ་ལི་ཕོར་ནི་ཡའི་གྲོང་ཁྱེར་སེན་ཌི་ཡེ་གོ་ནང་དུ་མཛད་འཕྲིན་བསྐྱངས་ཏེ། དེ་རིང་སྔ་དྲོ་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་ལོང་སྦིཆ་དུ་ཆིབས་བསྒྱུར་བསྐྱངས་ཡོད་ཅིང༌། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ད་རེས་ཀེ་ལི་ཕོར་ནི་ཡའི་གྲོང་ཁྱེར་སེན་ཌི་ཡེ་གོ་དུ་ཉིན་གསུམ་རིང་གྱི་མཛད་འཆར་བསྐྱངས་པའི་ནང༌། སེན་ཌི་ཡེ་གོ་གཙུག་ལག་སློབ་གྲྭ་ཁག་གསུམ་གྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན། གཙུག་ལག་སློབ་གྲ་དེ་དག་ནང་དུ་བྱམས་བརྩེ་དང་ཞི་བདེ་སྐྲུན་ཐབས་སྐོར་ལ་བཀའ་སློང་བསྕལ་གནང་བ་མ་ཟད། ཚན་རིག་པ་ཁག་ཅིག་དང་ལྷན་དུ་བགྲོ་གླེང་གི་ཚོགས་མགོན་དུ་ཞབས་སོར་འཁོད་པ་དང༌། ཡང་གསར་འགོད་པ་དང༌། སློབ་ཕྲུག མི་དམངས་བཅས་ཀྱི་བཀའ་འདྲི་དགོངས་སྐོར་ཞུས་པ་ཁག་ལ་བཀའ་ལན་བསྩལ་གནང་ཡོད་པ་རེད། དེ་རིང་ཀེ་ལི་ཕོར་ནི་ཡའི་ལོང་སྦིཆ་དུ་ཞབས་སོར་འཁོད་དེ། དེར་ཕྱི་ཚེས་༢༡ ནས་འཛམ་གླིང་དེའི་ནང་དཀའ་རྙོག་ཆེ་བའི་དུས་སྐབས་དེའི་ནང་སེམས་ཀྱི་ཞི་བདེ་སྐྲུན་ཐབས་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྕལ་རྒྱུའི་མཛད་འཆར་དབུ་འཛུགས་གནང་རྒྱུ་ཡིན་ཞིང༌། བཀའ་སློབ་ཞུ་བར་བཅར་མ་ཐུབ་པའི་རྒྱལ་སྤྱིའི་མི་དམངས་ལ་དྲ་རྒྱའི་ཐོག་ནས་ཐད་ཀར་རྒྱང་བསྲིང་བྱ་རྒྱུའི་གོ་སྒྲིག་ཞུ་གི་ཡོད་པ་ལྟར། ཚང་མས་གཟིགས་ཐུབ་པའི་མཐུན་འགྱུར་སྐྲུན་རྒྱུ་ཡིན་པ་རེད།།