༸གོང་ས་མཆོག་རྒྱ་གར་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད་པ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༡༥ ཉིན་གནས་མཆོག་རྡོ་རྗེ་གདན་དུ་ཞབས་སོར་འཁོད་དེ། ཁུལ་དེར་ཟླ་བ་གཅིག་ལྷག་གི་རིང་འགྲོ་བ་སྤྱིའི་བདེ་རྩར་ཕན་པའི་རླབས་ཆེན་གྱི་མཛད་འཕྲིན་མང་དག་ཅིག་བསྐྱངས་པའི་རྗེས། འདི་ཚེས་ ༡༩ ཉིན་རྒྱབ་ཏུ་གནས་མཆོག་རྡོ་རྗེ་གདན་ནས་མཁའ་ལམ་བརྒྱུད་རྒྱ་གར་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད་ཡོད་པ་རེད།
འདི་གའི་རླུང་འཕྲིན་ཁང་ནས་ལྡི་ལི་༸སྐུ་ཚབ་དོན་གཅོད་ལས་ཁུངས་སུ་ལྡི་ལིའི་ཁུལ་དུ་༸གོང་ས་མཆོག་གི་མཛད་འཆར་ཇི་ཡོད་སྐོར་བཀའ་འདྲི་ཞུས་པར། མགོན་པོ་གང་ཉིད་མཆོག་ཉིན་གཉིས་རིང་ལྡི་ལིར་གནས་ཞུགས་གཛད་རྒྱུ་ཡིན་པ་དང་། མཛད་འཆར་དམིགས་བསལ་གང་ཡང་མེད་ཅེས་འགྲེལ་བརྗོད་གནང་བྱུང་ལ། ཕྱི་ཟླ་ ༡ པོའི་ཚེས་ ༢༢ ཉིན་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་མཛད་རྒྱུ་ཡིན་འདུག
གནས་མཆོག་རྡོ་རྗེ་གདན་དུ་རྟེན་གཞི་བྱས་པའི་༸སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་འཛིན་སྐྱོང་འགན་འཛིན་བསྟན་འཛིན་དཀོན་མཆོག་ལགས་ཀྱིས། མགོན་པོ་གང་ཉིད་མཆོག་གིས། ད་རེས་གནས་མཆོག་རྡོ་རྗེ་གདན་གྱི་༸རྒྱལ་བའི་ཕོ་བྲང་དགའ་ལྡན་འཕེལ་རྒྱས་གླིང་དུ་མཇལ་མང་ཆེ་བ་ཐེངས་ ༡༢ བསྩལ་བའི་ནང་ཁྱོན་ལྡན་དད་བ་ ༦༠༠༠ ལྷག་ཡོད་པ་འགྲེལ་བརྗོད་གནང་ཞིང་། སྤྱི་ཡོངས་ནས་གནས་མཆོག་རྡོ་རྗེ་གདན་དུ༸གོང་ས་མཆོག་གི་མཛད་འཕྲིན་ཁག་ཧ་ཅང་གི་ཡག་པོ་བྱུང་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཞལ་པར་བརྒྱུད་ངོ་སྤྲོད་གནང་བྱུང་།
འདས་པའི་ཟླ་བ་གཅིག་ལྷག་རིང་མགོན་པོ་གང་ཉིད་མཆོག་གིས་བདག་ཅག་གི་སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་སའི་གནས་མཆོག་རྡོ་རྗེ་གདན་དུ་མཛད་འཕྲིན་གྱི་ཐོག་མར་ཁུལ་དེར་ཆགས་པའི་བྱང་ཆུབ་མཆོད་རྟེན་རིན་པོ་ཆེར་གནས་གཟིགས་མཛད་ཡོད་པ་དང་། དེ་ནས་ལོ་རྒྱུས་རང་བཞིན་ལྡན་པའི་རྒྱལ་སྤྱིའི་དགེ་འདུན་པའི་གླེང་སྟེགས་དབུ་འབྱེད་མཛད་པ་དང་། མགོན་པོ་ཀྲུ་སྒྲུབ་མཆོག་གི་མཛད་པའི་ཆོས་དབྱིངས་བསྟོད་པའི་ཆོས་འབྲེལ་དང་། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྗེས་གནང་བཀའ་དྲིན་བསྩལ་བ། བོད་མིའ་ཚོགས་སྡེ་ཁག་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ། དགེ་བཤེས་ལྷ་རམས་པའི་ཕྱག་འཁྱེར་མཛད་སྒོའི་སྟེང་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཡོད་པ། དེ་བཞིན་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་སྐབས་ ༣༥ པའི་ཚོགས་མགོན་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་བ་སོགས་རླབས་ཆེན་གྱི་མཛད་འཕྲིན་མང་དག་ཅིག་བསྐྱངས་ཡོད་པ་རེད།
གཞན་ཡང་མགོན་པོ་གང་ཉིད་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་ཅིག་ལ་དམིགས་བསལ་མཇལ་ཁ་བསྩལ་བའི་ཁྲོད། རྒྱ་གར་བྷི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Nitish Kumar མཆོག་དང་། ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་སོགས་ལ་མཇལ་ཁ་བསྩལ་ཡོད་པ་རེད།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།