༸གོང་ས་མཆོག་གིས་བོད་རྒྱ་ཆེའི་མི་མང་གི་རེ་འདོད་ལྟར་ངོས་རང་ཚེ་རིང་པོ་བསྡད་རྒྱུར་སེམས་ཤུགས་བསྐྱེད་ནས་སྡོད་ཡོད་ཅེས་ས་སྐྱའི་ཆོད་བརྒྱུད་འཛིན་པ་ཡོངས་ནས་བརྟན་བཞུགས་བསྟར་འབུལ་སྐབས་བཀའ་གནང་སོང་།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ས་སྐྱའི་ཆོས་བརྒྱུད་འཛིན་པ་ཡོངས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། སྤྱི་ཟླ་ ༥ པའི་ཚེས་ ༢༥ ཉིན་གྱི་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ས་སྐྱ་༸གོང་མ་ཁྲི་ཆེན་མཆོག་གཙོས་པའི་༸གོང་མ་ཁྲི་འཛིན་རྣམ་གཉིས་དང་ས་སྐྱའི་ཆོས་བརྒྱུད་འཛིན་པ་ཡོངས་ནས་༸གོང་ས་མཆོག་ལ་བརྟན་བཞུགས་ལྟར་འབུལ་ཞུས་ཡོད་པ་རེད།
སྐབས་དེར་༸གོང་ས་༸སྐྱབས་མཆོན་ཆེན་པོ་མཆོག་གིས། ས་སྐྱའི་ཆོས་བརྒྱུད་འཛིན་པ་ཡོངས་ནས་གང་ཉིད་མཆོག་ལ་བསྟན་བཞུགས་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས། ད་ལྟའི་བོད་ཀྱི་གནས་སྟངས་ལ་བལྟས་ནས་ངོས་རང་ཚེ་རིང་པོ་ཞིག་སྡོད་མ་ཐུབ་པ་ཡིན་ན། བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་དང་བོད་རྒྱ་ཆེའི་མི་མང་གི་རེ་འདོད་དེ་བསྐོང་ཐུབ་ཀྱི་མ་རེད་བསམ་སྟེ། ངོས་རང་སེམས་ཤུགས་བསྐྱེད་ནས་སྡོད་ཡོད་ཅེས་བཀའ་གནང་སོང་།
ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མུ་མཐུད་བཀའ་སློབ་ཕེབས་དོན། མགོན་པོ་གང་ཉིད་མཆོག་དང་ས་སྐྱའི་བདག་ཁྲི་རིན་པོ་དབར་ཆུང་དུས་ནས་དམིགས་བསལ་གྱི་འབྲེལ་བ་ཡོད་པ་གསུངས་ཤིང་། ས་སྐྱའི་ནང་སྟོན་པའི་རྒྱུན་འཛིན་མཁན་བླ་མ་བསམ་གྱི་ཁྱབ་པ་དེ་འདྲ་བྱུང་ཡོད་པ་མ་ཟད། ས་སྐྱ་པ་ཚོར་མདོ་སྔགས་བཟུང་འབྲེལ་གྱི་སློབ་གཉེར་བྱེད་ས་ཡོད་པ་དེ་ཐུན་མོང་མ་ཡིན་པ་ཞིག་ཡིན། ཚང་མས་ད་ལྟ་བར་དུ་འུར་ཐག་གནང་ཡོད་ལ་མ་འོངས་པར་ཡང་མུ་མཐུད་འུར་ཐག་གནང་དགོས་ཞེས་བཀའ་སློབ་ལམ་སྟོན་ཕེབས་སོང་།

གཞན་ཡང་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་གཞིགས་ན། སྤྱི་ཟླ་ ༥ པའི་ཚེས་ ༢༧ ཉིན་༸གོང་ས་མཆོག་ནས་པོད་ ༢༢༣ ཡོད་པའི་སྨོན་ལམ་ཚིག་མཛད་ཆེན་མོ་ཐོན་རིམ་གསུམ་པ་དེ་བཞིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དབུ་འབྱེད་གནང་རྒྱུ་ཡིན་པ་དང་། ཡང་རིང་མིན་སྤྱི་ཟླ་ ༦ པའི་ཚེས་ ༡ ནས་ ༢ བར་ཉིན་གྲངས་གཉིས་རིང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་རིགས་གཞོན་སྐྱེས་རྣམས་ལ་རྟེན་འབྲེལ་བསྟོད་པའི་བཀའ་ཁྲིད་གནང་རྒྱུ་ཡིན་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།