ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་སོགས་སུ་འཚམས་འདྲིའི་སྐོར།
2009.02.06
༄༅༎ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཊོན་མཆོག་ཟླ་བ་འདིའི་ཟླ་མཇུག་ཏུ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚམས་འདྲིར་ཕེབས་རྒྱུ་ཡིན་པའི་སྐབས་རྒྱ་ནག་གི་དཔོན་རིགས་ལྷན་དུ་བོད་ཀྱི་གནད་དོན་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་བཀའ་བསྡུར་གནང་རྒྱུ་ཡིན་པ་རེད།
དེ་རིང་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་རིང་མིན་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཊོན་མཆོག་ཨེ་ཤེ་ཡའི་ནང་འཚམས་འདྲིར་ཕེབས་ཀྱི་ཡོད་པའི་གནས་ཚུལ་གསལ་བསྒྲགས་གནང་བའི་རྗེས་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་སྐུ་ཞབས་རོ་སྦ་ཏེ་ལྦུ་དྲི་ཡིས་གསར་འགོད་པར་གསུང་དོན་ལ་བོད་ཀྱི་གནད་དོན་དང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་གཉིས་ནི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཊོན་མཆོག་གིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དང་མཇལ་འཕྲད་སྐབས་གླེང་སློང་གནང་རྒྱུ་ཡིན་ཞིང་དེའི་རྒྱུ་མཚན་ནི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་ནི་ཨ་མི་རི་ཀར་ཧ་ཅང་གི་གལ་འགངས་ཆེ་བའི་གནད་དོན་ཞིག་ལ་ངོས་འདིན་བྱེད་པ་དང་དེར་བརྟེན་ལྕམ་ཧི་ལ་རི་ཀི་ལིན་ཊོན་མཆོག་གིས་འབྲེལ་ཡོད་རྒྱ་ནག་གི་དཔོན་རིགས་ལྷན་དུ་བཀའ་མོལ་གནང་བའི་སྐབས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་བོད་ཀྱི་གནད་དོན་དེ་དག་གླེང་སློང་ལོས་གནང་གི་རེད་ཅེས་གསུང་ཡོད་པ་རེད། ལྕམ་ཧི་ལ་རི་ཀི་ལིན་ཊོན་མཆོག་གིས་ཉེ་ཆར་ཨ་མི་རི་ཀའི་སྲིད་གཞུང་གསར་པའི་ནང་ཕྱི་སྲིད་དྲུང་ཆེའི་མཛད་འགན་བཞེས་པའི་རྗེས་ཟླ་བ་འདིའི་ཕྱི་ཚེས་བཅུ་དྲུག་ནས་ཉི་ཤུ་གཉིས་བར་གཟའ་འཁོར་གཅིག་རིང་ཨེ་ཤེ་ཡའི་རྒྱལ་ཁབ་ཉི་ཧོང་དང་ལྷོ་ཀོ་རི་ཡ།རྒྱ་ནག་བཅས་སུ་ཐེངས་དང་པོ་འཚམས་འདྲིར་ཕེབས་ཀྱི་ཡོད་པ་དང་རྒྱ་ནག་ཏུ་ཕྱི་ཚེས་ཉི་ཤུ་ནས་ཉི་ཤུ་གཉིས་བར་ཉིན་གསུམ་རིང་འཚམས་འདྲི་གནང་རྒྱུ་ཡིན་པ་རེད།