༸གོང་ས་མཆོག་གིས་བྱམས་བརྩེའི་སྒོ་ནས་འཛམ་གླིང་ཞི་བདེ་བསྐྲུན་ཐབས་སྐོར་བཀའ་སློབ།

2021.12.11
༸གོང་ས་མཆོག་གིས་བྱམས་བརྩེའི་སྒོ་ནས་འཛམ་གླིང་ཞི་བདེ་བསྐྲུན་ཐབས་སྐོར་བཀའ་སློབ།
དགའ་ལྡན་ཕོ་བྲང་ཡིག་ཚང་།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་དུས་དྲན་གྱི་དགའ་སྟོན་དང་བསྟུན་ཐེ་ཝན་དགའ་ལྡན་ཤར་རྩེ་ཆོས་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། སྤྱི་ཟླ་༡༢ ཚེས་༡༡ ཉིན་གྱི་སྔོ་དྲོ་བཞུགས་སྒར་རྡ་རམ་ས་ལའི་༸རྒྱལ་བའི་ཕོ་བྲང་ནས་བརྙན་འཕྲིན་དྲ་ལམ་ཐད་གཏོང་བརྒྱུད། ༼བྱམས་བརྩེའི་སྒོ་ནས་འཛམ་གླིང་ཞི་བདེ་བསྐྲུན་པ་༽ ཞེས་པའི་བརྗོད་གཞིའི་ཐོག་ཐེ་ཝན་དུ་གནས་བཞུགས་དད་ལྡན་མང་ཚོགས་ལ་བཀའ་སློབ་སྩལ་བའི་སྐབས། སྤྱིར་མཆེད་གྲོགས་ཕོ་མོ་ལྷན་རྒྱས་དང་། ལྷག་པར་དུ་ཧན་མི་རིགས་ཀྱི་མཆེད་གྲོགས་ཡོངས་ལ་འཚམས་འདྲི་ཞུ་རྒྱུ་ཡིན། དུས་རབས་འགའ་ཞིག་རིང་ང་ཚོའི་དབར་འབྲེལ་བ་དམ་ཟབ་གནས་ཡོད། རྒྱ་བོད་གཉིས་ནི་ཁྱིམ་མཚེས་ཙམ་མིན་པར། ཆོས་ཕྱོགས་ཀྱི་ཐོག་ནས་འབྲེལ་བ་དམ་ཟབ་ཡོད། ད་སྐབས་ཆབ་སྲིད་ཀྱི་གནས་སྟངས་ཐོག་ལ་འགྱུར་བ་མང་པོ་ཞིག་ཕྱིན་ཡོད། སྐབས་རེ་ཆབ་སྲིད་ཀྱི་དབང་གིས་འགྲོ་བ་མི་ཕན་ཚུན་དབར་དཀའ་ངལ་འཕྲད་ཀྱི་ཡོད་ནའང་། ལོ་ངོ་སྟོང་ཕྲག་ལོ་རྒྱུས་ལྡན་པའི་འཆམ་མཐུན་དང་མཛའ་བརྩེའི་འབྲེལ་བ་དེ་མུ་མཐུད་གནས་དགོས་པ་བཀའ་གནང་སོང་།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུན་དུ་ནས། བྱམས་སྙིང་རྗེ་ནི་ཆོས་ལུགས་ནས་བྱུང་བའི་བསླབ་བྱ་ཙམ་མིན་པར་ཁ་ཡོད་ལག་ཡོད་ཀྱི་འཛམ་གླིང་ཞི་བདེ་དང་འགྲོ་བ་མིར་དགོས་མཁོ་ཡོད་པའི་བཟང་པོའི་ཡོན་ཏན་ཞིག་ཡིན་པས། དེང་གི་ཤེས་ཡོན་གྱི་སྡེ་ཚན་ནང་བྱམས་སྙིང་རྗེ་དང་འབྲེལ་བའི་སློབ་འཁྲིད་དགོས་གལ་ཆེ་བའི་སྐོར་བཀའ་སློབ་ཡང་ནས་ཡང་དུ་གནང་གི་ཡོད་པ་བཞིན། ད་རེས་སླར་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། སྤྱིར་བཏང་ནང་སེམས་པ་བཟང་པོ་དང་བྱམས་བརྩེ་ཡོད་ན། རང་བཞིན་གྱིས་སེམས་ཀྱི་ཞི་བདེ་ཡོང་གི་ཡོད།  ངོས་རང་སྒེར་ལ་ཆ་བཞག་ན། སྔ་དྲོ་མལ་ནས་ལངས་མ་ཐག་ཏུ་བྱམས་བརྩེ་ཉམས་ལེན་བྱེད་ཀྱི་ཡོད། དེའི་བརྒྱུད་ནས་དཀའ་ངལ་ཇི་ཙམ་འཕྲད་ཀྱང་། སེམས་ཀྱི་ཞི་བདེ་བརྟན་པོ་གནས་ཐུབ་པ་དེ་གཙོ་བོ་གཞན་ཕན་གྱི་བློ་དང་བྱང་ཆུབ་སེམས་ཉམས་ལེན་བྱེད་རྒྱུ་དེ་རེད་འདུག ཐ་ན་གཉིད་སྐྱིད་པོ་ཞིག་ཁུག་པར་བྱམས་བརྩེ་ནི་ཧ་ཅང་གི་གལ་འགངས་ཆེ་ཞེས་བཀའ་གནང་སོང་།

2021-12-11-Dharamsala-N01_SA96015.jpg

ཡང་ད་རེས་ཐེ་ཝན་དུ་ཚོགས་པའི་དུས་དྲན་མཛད་སྒོའི་དེའི་ཐོག་མར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྤྱི་ལོ་༡༩༨༩ ཟླ་ ༡༢ ཚེས་༡༠ ཉིན་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་སྐབས་ཀྱི་བརྙན་ཐུང་ཞིག་༧གོང་ས་མཆོག་དབུ་བཞུགས་ཐོག་རྒྱ་ཆེ་མང་ཚོགས་ལ་གཟིགས་འབུལ་ཞུས་གནང་སོང་།

གཞན་ཡང་ད་རེས་ཐེ་ཝན་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་དུས་དྲན་གྱི་དགའ་སྟོན་མཛད་སྒོའི་ཐོག་ཐེ་ཝན་མི་མང་ནས་གཞན་སྣ་ཁྲབ་སྟོན་དང་གཏམ་བཤད་ལ་སོགས་པའི་ལས་རིམ་མང་པོ་ཞིག་གོ་སྒྲིག་ཞུས་འདུག་ལ། ལྷག་པར་དུ་༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་སླད་མྱུར་སྐྱོབ་རླངས་འཁོར་Ambulance གསར་པ་ཞིག་ཀྱང་དབུ་འབྱེད་གནང་སོང་།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།

དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎