གཞན་ལ་ཕན་མ་ཐོགས་ན་གནོད་མ་སྐྱེལ་བ་བྱེད་དགོས། ༧གོང་ས་མཆོག་གིས།
2018.09.05

དེ་ཡང་ཕྱི་ཚེས་༥་ཉིན། བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནང་ལྷོ་ཤར་ཨེ་ཤེ་ཡའི་ཡུལ་གྲུ་ཁག་ནས་ཆེད་བཅར་ཞུས་པ་གཙོ་བོར་འགྱུར་བའི་འཛམ་གླིང་གི་རྒྱལ་ཁབ་༧༠་ཙམ་ནས་བཀའ་ཆོས་ཞུ་བར་བཅར་བའི་ཕྱི་ནང་མི་རིགས་༥༠༠༠་ལྷག་ལ་རྩ་བ་ཤེས་རབ་ཀྱི་འགྲེལ་བ་བྷུ་རྡ་པ་ལི་ཏའི་གསུང་ཆོས་མུ་མཐུད་ནས་སྩལ་གནང་མཛད་སྐབས། དུས་རབས་༢༡་པའི་ནང་སངས་རྒྱས་པའི་ཆོས་དེ་མུ་མཐུད་ནས་འགྲོ་ཐུབ་པ་ཞིག་ཕལ་ཆེར་ཡིན་པ་དང་། གང་ལྟར་ཆོས་ལུགས་ཚང་མས་མི་བཟང་པོ་བྱེད་དགོས་པ་དང་མི་ལ་གནོད་པ་སྐྱེལ་རྒྱུ་མེད་པ། མི་ལ་ཕན་ཐོགས་དགོས་སྐོར་གསུངས་ཀྱི་ཡོད་པ་དང་། མི་ལ་ཕན་ཐོགས་བྱ་རྒྱུའི་ཐད་ནས་བསམ་བློ་བཏང་ཚེ་ཡེ་ཤུའི་ཆོས་པ་དེ་ཚོའི་གྲས་ཀྱིས་ས་ཁུག་ལུང་ཁུག་ལུང་པ་སྐྱོ་པོ་དེ་ཚོའི་ནང་སློབ་གྲ་བཙུགས་པ་དང་། སྨན་ཁང་བཙུགས་པ་་སོགས་ཧ་ལས་པའི་ལས་ཀ་ཡག་པོ་བྱེད་ཡོད་པར། དཔེར་ན། (MotherTeresa)ཞུ་བའི་ཡེ་ཤུའི་བཙུན་མ་དེས་དངོས་གནས་དྲང་གནས་ཉམ་ཐག་མི་མང་རྣམས་ལ་རོགས་རམ་གནང་ཡོད་པ་དང་། ཁོང་གིས་ཉམ་ཐག་མི་མང་དེ་དག་ལ་རོགས་རམ་གནང་རྒྱུའི་སེམས་ཤུགས་ནི་ཁོང་ཡེ་ཤུའི་རྣམ་དག་ཆོས་ལུགས་ལ་ཡིད་ཆེས་དད་གུས་གནང་བ་ལས་ཡོང་གི་ཡོད་རེད། ཞེ་དྲག་ཡག་པོ་རེད་ཅེས་དང་། ཚན་རིག་དང་མཐུན་པའི་ཐོག་ནས་འགྲེལ་བཤད་རྒྱབ་ཐུབ་ཡག་དེ་ཕལ་ཆེར་སངས་རྒྱས་པའི་ཆོས་དེ་ཆགས་བསྡད་ཀྱི་ཡོད་རེད། ང་རང་ཚོ་ཕ་མེས་བརྒྱུད་ནས་ནང་པ་ཡིན་པ་ཚོས་ཆོས་སློབ་སྦྱོང་བྱེད་དགོས་པ་གལ་ཆེ་ཡིན་པ་བཀའ་སྩལ་འདུག
ད་དུང་༧གོང་ས་མཆོག་གིས་དེ་སྔ་ནང་ཆོས་མ་དར་སའི་ཡུལ་གྲུ་ཁག་གི་ནང་ལ་ཡང་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་པོ་ཡོད་པ་དང་། ཚན་རིག་པ་ཚོ་ཡང་སངས་རྒྱས་ཀྱིས་གསུངས་པའི་རྟེན་འབྱུང་ལ་ཡིད་འཕྲོག་གི་ཡོད་སྐོར་སོགས་བཀའ་སྩལ་གནང་མཛད་འདུག
གསར་འགོད་པ་བློ་བྷེ་དང་། སེང་གེ་རི་བསོད་ནམས་ལྷ་མོ།