ཁུ་ནུའི་དད་ལྡན་མང་ཚོགས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ།

2024.12.06
ཁུ་ནུའི་དད་ལྡན་མང་ཚོགས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ། ༸གོང་ས་མཆོག་བརྟན་བཞུགས་བསྟར་འབུལ་སྐབས། ༢༠༢༤།༡༢།༠༦ ཉིན།
RFA/ Tenzin Lekmon

ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༦ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཁོངས་སུ་གཏོགས་པའི་ཁུ་ནུའི་དད་ལྡན་པ་  ༡༨༠༠  ལྷག་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་༸མགོན་པོ་མཆོག་གི་སྐུ་ཚེ་ཡུན་རིང་བརྟན་ཆེད་དུ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་གནང་སོང་བ་དང་། སྐབས་དེར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། བོད་པ་རྣམས་བཙན་བྱོལ་བ་ཞིག་ཏུ་གྱུར་བ་ནི་ཁོང་སྐུ་སྒེར་ཙམ་དུ་མ་ཟད་བོད་མི་ཡོངས་ལ་སངས་རྒྱས་ཀྱི་བསྟན་པ་མི་ཉམས་རྒྱུན་འཛིན་དང་ཉམས་ལེན་སོགས་ཀྱི་ཐད་གོ་སྐབས་བཟང་པོ་ཞིག་བྱུང་ཡོད་པས། འཛམ་གླིང་འདིའི་ཐོག་མི་ལུས་བླངས་ཚར་བའི་རྗེས་སྐྱེ་འགྲོ་ཀུན་ལ་སེམས་པ་བཟང་པོ་དང་གཞན་ཕན་བསྒྲུབ་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་ཡིན་ཞིང་། ༸མགོན་པོ་མཆོག་དགུང་གྲངས་བརྒྱ་དང་བཅུ་གྲངས་སྐུ་འཚོ་བཞུགས་མཛད་རྒྱུའི་བཀའ་བཟང་སོང་།

བརྟན་བཞུགས་བསྟར་འབུལ་གྲུབ་མཚམས་འདི་ག་རླུང་འཕྲིན་ཁང་ནས། ཁུ་ནུའི་བརྟན་བཞུགས་བསྟར་འབུལ་གྱི་གོ་སྒྲིག་ཚོགས་ཆུང་གི་དྲུང་ཆེ་བཀྲ་ཤིས་ལྷུན་པོའི་དགེ་བཤེས་ཁུ་ནུ་བ་བསྟན་འཛིན་ཀུན་དགའ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། དེ་སྔ་ལོ་དྲུག་སྔོན་ནས་༸གོང་ས་མཆོག་ཁུ་ནུར་ཆིབས་བསྒྱུར་གནང་རྒྱུའི་ཐུགས་གཏན་འཁེལ་ཡོད་ཀྱང་། ཕྱིས་སུ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་སོགས་ལ་བརྟེན་དེ་ལྟར་བྱུང་ཐུབ་མེད་པས། ཐེངས་འདིར་ཁུ་ནུའི་མི་མང་ཡོངས་ནས་༸གོང་ས་མཆོག་གི་༸སྐུའི་འཕྲོད་བཞེས་གལ་ཆེན་དོན་ཆེན་ཞིག་ཏུ་ངོས་འཛིན་གྱིས། ཁུ་ནུ་སྟོད་སྨད་བར་གསུམ་གྱི་གྲོང་གསེབ་ཆེ་ཆུང་གི་དད་ལྡན་མི་མང་ཤིན་ཏུ་མང་པོ་ཞིག་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸མགོན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་སླད་དུ་བརྟན་བཞུགས་བསྟར་འབུལ་ཞུས་པ་དེ་བཞིན་ལེགས་གྲུབ་བྱུང་སོང་བར་ཤིན་ཏུ་དགའ་ཚོར་ཆེན་པོ་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

DSC03525.JPG
༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་སྐབས། ༢༠༢༤།༡༢།༠༦

གཞན་ཡང་ཁུ་ནུ་ནས་ཡིན་པའི་མུ་ནི་ལཱལ་ནེ་གི་ལགས་ཀྱིས། ཐེངས་འདིར་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དེའི་ཐོག་ཁུ་ནུར་རྟེན་གཞི་བྱས་པའི་གྲོང་གསེབ་བརྒྱ་ལྷག་གི་མི་མང་ཡོངས་དང་། རྒྱ་གར་ས་ཕྱོགས་གང་སར་གནས་སྡོད་ཁུ་ནུའི་དགེ་བཙུན་མང་དག་ཅིག་ནས་ཀྱང་མཉམ་ཞུགས་གནང་ཡོད་ལ། ང་ཚོའི་ལྷན་དུ་བགྲེས་སྲོང་ལོ་ན་ ༩༩ ཡིན་པ་ཞིག་ཀྱང་མཉམ་དུ་བསླེབས་ཡོད་པས། ཁུ་ནུའི་དད་ལྡན་པ་རྣམས་ནས་དུས་དང་འཚམ་པར་༸མགོན་པོ་མཆོག་ལ་བརྟན་བཞུགས་འབུལ་རྒྱུ་བྱུང་བ་ནི་ཧ་ཅང་སྐྱིད་པོ་བྱུང་ལ་ཤིན་ཏུ་ནས་བསྐལ་བ་བཟང་པོ་བྱུང་སོང་། ཞེས་འགྲེལ་བརྗོད་གནང་གི་འདུག་ལ། ཝི་ནོད་ཀུ་མ་རི་ལགས་ནས། ཁོང་ནས་ལོ་མང་རིང་༸གོང་ས་མཆོག་གི་བཀའ་སློབ་ཉན་གྱི་ཡོད་པ་དང་། ༸མགོན་པོ་མཆོག་གི་མཇལ་ཁ་ཞུ་རྒྱུ་ནི་ཁོང་གི་མི་ཚེའི་རེ་བ་ཆེ་ཤོས་དེ་ཡིན་པས་དེ་རིང་དངོས་སུ་༸གོང་ས་མཆོག་མཇལ་བ་དང་ཁོང་གི་གསུང་ཐོས་རྒྱུ་བྱུང་བ་ནི་སྔར་ལྷག་བྱིན་རླབས་ཆེན་པོ་བྱུང་སོང་ཞེས་དང་། མགོན་པོ་མཆོག་ནས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་ཡོངས་ལ་ཐུགས་བརྩེ་བ་ཆེན་པོས་བཀའ་སློབ་ཕེབས་སོང་བར་ཤིན་ཏུ་འདོད་བློ་འཚིམ་པོ་བྱུང་ཞིང་། མ་འོངས་༸མགོན་པོ་མཆོག་གི་༸སྐུའི་ཡང་སྲིད་ཧི་མ་ལ་ཡའི་རི་རྒྱུད་དུ་འཁྲུངས་པའི་སྨོན་འདུན་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག

ཡང་གི་ཏ་ཀུ་མ་རི་ལགས་ནས་། ཁོང་ནས་དེ་སྔ་༸གོང་ས་མཆོག་གི་སྐུ་པར་མ་གཏོགས་མཇལ་མྱོང་མེད་པས། དེ་རིང་དངོས་སུ་མཇལ་ཁ་ཐོབ་བྱུང་བར་ཤིན་ཏུ་བསྐལ་བ་བཟང་པོ་བྱུང་ཡོད་སྐོར་དང་། ཁོང་ནས་༸མགོན་པོ་མཆོག་གི་བཀའ་དགོངས་བཞིན་སེམས་པ་བཟང་པོ་དང་གཞན་ཕན་བསྒྲུབ་རྒྱུ་ཡིན་ཞེས་གསུངས་བྱུང་།

རྩ་བའི་ཐེངས་འདིར་ཁུ་ནུའི་མང་ཚོགས་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་སྐབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དད་ལྡན་མང་ཚོགས་རྣམས་ལ་བཀའ་སློབ་དང་ལྷན་བྱང་ཆུབ་སེམས་པའི་སྡོམ་པ་འབོག་ཆོག་སྩལ་གནང་མཛད་སོང་།

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎