༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྒྲུབ་བྱ་ ༥༡ ལ་དགེ་སློང་གི་སྡོམ་པ་སྩལ་བ་དང་འབྲེལ། གཞན་དོན་དང་བྱང་ཆུབ་ཀྱི་སེམས་བསྒོམ་རྒྱུ་གལ་ཆེན་ཡིན་པའི་ལམ་སྟོན་མཛད་འདུག

2025.03.13
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྒྲུབ་བྱ་ ༥༡ ལ་དགེ་སློང་གི་སྡོམ་པ་སྩལ་བ་དང་འབྲེལ། གཞན་དོན་དང་བྱང་ཆུབ་ཀྱི་སེམས་བསྒོམ་རྒྱུ་གལ་ཆེན་ཡིན་པའི་ལམ་སྟོན་མཛད་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་སློང་གི་སྡོམ་པ་སྩལ་སྐབས། ༢༠༢༥།༠༣།༡༣ ཉིན།
OHHDL

ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༡༣ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། དགེ་འདུན་པ་ ༥༡ ལ་དགེ་སློང་གི་སྡོམ་པ་སྩལ་བ་དང་འབྲེལ། གཙོ་བོ་བསྒྲུབ་བྱ་རྣམས་ཀྱིས་གཞན་དོན་བསྒྲུབ་རྒྱུ་དང་། སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་བསྒོམ་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་པའི་ལམ་སྟོན་སྩལ་གནང་མཛད་ཡོད་པ། དགའ་ལྡན་ཤར་རྩེ་དགོན་པ་ནས་ཡིན་པ་དགེ་སློང་གྲགས་པ་ཀུན་དགའ་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

_SR53168.jpg
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་སློང་གི་སྡོམ་པ་སྩལ་སྐབས། ༢༠༢༥།༠༣།༡༣ ཉིན།

དེ་ཡང་ད་རིང་དགའ་ལྡན་ཤར་རྩེ་གྲྭ་ཚང་གིས་དགེ་འདུན་པ་ ༤༠ དང་གཞན་གདན་ས་ཁག་ནས་དགེ་འདུན་པ་ ༡༡ གིས་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དྲུང་ནས་དགེ་སློང་གིས་སྡོམ་པ་བཞེས་འདུག་པ་དང་། སྡོམ་པ་བཞེས་མཁན་ཁོངས་དགའ་ལྡན་ཤར་རྩེ་ནས་ཡིན་པའི་དགེ་སློང་བསྟན་འཛིན་ཐབས་མཁས་ལགས་ཀྱིས། འདུལ་བའི་ནང་དགེ་སློང་སྡོམ་པ་ནི་རྩ་ཆེན་ཡིན་པས་ཐེངས་འདིར་ཁོང་ལ་མགོན་པོ་མཆོག་གི་སྐུ་མདུན་ནས་སྡོམ་པ་ཐོག་བར་བསྐལ་བ་བཟང་པོ་བྱུང་ཞེས་དང་། གཙོ་བོ་སྡོམ་ཁྲིམས་གཙང་མ་སྲུང་བའི་ཐོག་ནས་དགེ་འདུན་པ་ཚད་ལྡན་ཞིག་བྱ་རྒྱུའི་འདུན་པ་ཡོད་ཅེས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གཞན་ཡང་དགའ་ལྡན་ཤར་རྩེ་གྲྭ་ཚང་ནས་ཡིན་པའི་དགེ་སློང་གྲགས་པ་ཀུན་དགའ་ལགས་ཀྱིས། ཐེངས་འདིར་ཁོང་ལ་དགེ་སློང་གི་སྡོམ་པ་ཐོབ་པ་ནི་མི་ཚེའི་ནང་གི་བྱ་གཞག་ཆེ་ཤོས་ཤིག་གྲུབ་སོང་བསམ་པའི་སྐྱིད་སྣང་གི་ཚོར་བ་ཞིག་བྱུང་ཞེས་དང་། དགེ་སློང་གི་སྡོམ་པ་ནི་སངས་རྒྱས་ཀྱི་གོ་ཕངས་ཐོབ་པའི་སྒོ་དང་པོ་ལྟ་བུ་ཆགས་ཀྱི་ཡོད་སྟབས་གྲྭ་པ་ཞིག་ལ་མཚོན་ན་སྡོམ་པ་དེ་བཞིན་ཧ་ཅང་གལ་གནད་ཅན་ཞིག་ཆགས་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག

རྩ་བའི་ཟླ་འདིའི་ཚེས་ ༡༡ ནས་འགོ་འཛུགས་ཀྱིས་འདི་ཚེས་ ༡༣ བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། བསྒྲུབ་བྱ་ཁྱོན་ ༧༥ ལ་དགེ་ཚུལ་དང་། བསྒྲུབ་བྱ་ ༡༠༢ ལྷག་ཙམ་ལ་དགེ་སློང་གི་སྡོམ་པ་སྩལ་གནང་མཛད་ཡོད་པ་རེད་ལ། སང་ཉིན་ཟླ་འདིའི་ཚེས་ ༡༤ བོད་ཟླ་ ༡ ཚེས་ ༡༥ ཆོ་འཕྲུལ་དུས་ཆེན་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༠༠ པའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེས་རབས་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ་ཡིན་པ་རེད་འདུག

གསར་འགོད་པ། ལོ་ཡག་བཀྲ་ཤིས།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།




བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎