ཝེཏ་ནཱམ་དད་ལྡན་ཆོས་ཞུ་བར་སྨན་ལྷའི་རྗེས་གནང་བསྩལ་བ།
2016.10.30

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཝེཏ་ནཱམ་གྱི་ཚོང་པའི་དད་ལྡན་པ་ཁག་གཅིག་ལ་སངས་རྒྱས་སྨན་ལྷའི་རྗེས་གནང་བཀྲིན་ཆེ་སྐོར་དགའ་ལྡན་ཕོ་བྲང་གི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་སྤེལ་གནང་ཡོད་པ་རེད། ཕྱི་ཚེས་ ༢༩ ཉིན་༸གོང་ས་མཆོག་གིས་སངས་རྒྱས་སྨན་ལྷའི་རྗེས་གནང་བཀྲིན་དེ་ལོ་ལྟར་བཞིན་ཝེཏ་ནཱམ་ནས་ཡིན་པའི་ཚོང་པའི་ཚོགས་སྡེ་ཤིག་གི་ཀྱི་རྗེས་འབྲང་པ་རྣམས་རྡ་སར་བཅར་སྲོལ་ཡོད་པ་ལྟར་ད་ཐེངས་ཚོང་པ་མི་གྲངས་ ༨༠ སྐོར་ཞིག་ཆེད་བཅར་ཞུས་ཡོད་པ་མ་ཟད་རྗེས་གནང་དེ་དྲ་རྒྱ་བརྒྱུད་ཝེཏ་ནཱམ་གྱི་གྲོང་ཁྱེར་ཁག་གཅིག་ལ་ཐད་གཏོང་ཡང་གནང་ཡོད་འདུག ཝེཏ་ནཱམ་དུ་ཐད་གཏོང་ཀྱི་ལས་འཆར་དེར་མི་གྲངས་ ༣༠༠ ནས་ ༥༠༠ བར་མཉམ་ཞུགས་གནང་བའི་ནང་ནང་པ་དང་དེ་མིན་གཞོན་སྐྱེས་ཁག་གཅིག་བྱུང་ཡོད་པ་དང་དེ་དག་ཝེཏ་ནཱམ་གྱི་རྒྱལ་ས་ Hanoi དང་ Ho Chi Minh,Saigon དང་ Da Nang བཅས་པའི་གྲོང་ཁྱེར་ཆེ་ཁག་ནང་གསན་གཟིགས་ཐུབ་པ་བྱུང་ཡོད་འདུག སྐབས་དེར་ཤེས་རབ་སྙིང་པོ་ཝེཏ་ནཱམ་གྱི་སྐད་ནང་གསུང་འདོན་གནང་རྗེས་དེའི་གོ་དོན་ཇི་ཡིན་༸གོང་ས་མཆོག་གིས་འགྲེལ་པ་གནང་ཡོད་འདུག དེ་བཞིན་༸གོང་ས་མཆོག་གིས་སྟོན་པ་བཅོམ་ལྡན་འདས་ཀྱིས་རང་གི་ཉམས་མྱོང་ཐོག་ནས་སངས་རྒྱས་རྒྱུའི་ལམ་དེ་གསལ་པོ་སྟོན་གནང་ཡོད་སྐོར་དད་ལྡན་པ་རྣམས་ལ་དྲན་བསྐུལ་ཡང་གནང་ཡོད་འདུག ཡང་ཉིན་དེར་༸གོང་ས་མཆོག་གིས་ཝེཏ་ནཱམ་གྱི་དད་ལྡན་པ་དེ་དག་གིས་དྲི་བ་ཁག་ལ་བཀའ་ལན་གནང་བ་མ་ཟད་བྱང་སེམས་པ་དང་སེམས་བསྐྱེད་ཀྱི་སྡོམ་པ་འབོག་འཇོག་མཛད་ཡོད་པའི་གནས་ཚུལ་ཐོན་འདུག།གསར་འགོད་པ་ལྷུན་གྲུབ་ཚེ་རིང༌།