༧གོང་ས་མཆོག་ནས་བོད་རིགས་དང་རྒྱ་རིགས་ལ་མཇལ་ཁ་གནང་བ།
2016.11.13

༄༅༎ཕྱི་ཚེས་ ༡༢ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་གྲོང་ཁྱེར་ཨོ་ས་ཀར་སྤྱོད་འཇུག་གི་གསུང་ཆོས་མ་གནང་གོང་བོད་རིགས་དང་རྒྱ་རིགས་ཁག་གཅིག་ལ་མཇལ་ཁ་དང་བཀའ་སློབ་བཀྲིན་ཆེ་ཡོད་འདུག སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་རིགས་བརྒྱ་དང་ལྔ་བཅུ་སྐོར་ཞིག་ལ་རྒྱ་མི་རིགས་རྣམས་ཕ་མེས་ནས་ནང་པའི་རྗེས་འབྲང་བ་ཞིག་ཡིན་སྟབས་རྒྱ་རིགས་རྣམས་ནང་ཆོས་ཉམས་ལེན་བྱེད་རྒྱུ་དེ་རན་པོ་ཞིག་ཡོད་སྐོར་དང་མགོན་པོ་མཆོག་ཕྱིའི་ཡུལ་ཁག་ལ་ཆིབས་བསྒྱུར་བསྐྱངས་སྐབས་ཡི་ཤུའི་ལུང་པ་ཁག་ནང་ནང་ཆོས་དར་སྤེལ་གནང་ཐབས་མཛད་ཀྱི་མེད་སྐོར་བཀའ་གནང་ཡོད་འདུག ཡང་༸གོང་ས་མཆོག་གིས་རྒྱ་རིགས་དེ་དག་ལ་ནང་པའི་ལྟ་གྲུབ་ནི་ཧ་ཅང་གི་ཞིབ་ཤིང་ཕྲ་ལ་དེ་ཚན་རིག་དང་མཉམ་སྐྱོད་ཆོག་པའི་ཆོས་ཞིག་ཆགས་ཀྱི་ཡོད་སྐོར་དང་ཚན་རིག་པ་ཚོས་ནང་པའི་ལྟ་གྲུབ་ནང་གི་ནང་སེམས་ཀྱི་ཞི་བདེ་དང་བདེ་སྐྱིད་བསྐྲུན་རྒྱུའི་ཐོག་དོ་སྣང་ཧ་ཅང་གི་ཆེན་པོ་བྱེད་ཀྱི་ཡོད་སྐོར་སོགས་བཀའ་གནང་ཡོད་འདུག ཡང་དེ་རྗེས་བོད་མི་ཁག་གཅིག་ལ་མཇལ་ཁ་དང་བཀའ་སློབ་སྩལ་བའི་ནང་དཔལ་ན་ལན་ཌ་ནས་བྱུང་བའི་ནང་ཆོས་ཀྱི་ལྟ་གྲུབ་ཁག་བོད་ཡིག་ནང་ལས་ཞིབ་ཤིང་ཕྲ་བ་མེད་སྟབས་བོད་ཡིག་སློབ་རྒྱུ་དེ་གལ་ཆེ་བའི་སྐོར་དང་ལྷག་པར་དུ་ནང་པའི་ལྟ་གྲུབ་དང་ཚན་ཉིད་ཐོག་དོ་སྣང་བྱེད་དགོས་པའི་སྐོར་བཀའ་གནང་ཡོད་པའི་གནས་ཚུལ་ཐོན་འདུག།གསར་འགོད་པ་ལྷུན་གྲུབ་ཚེ་རིང༌།