༧གོང་ས་མཆོག་གིས་ཨུ་རུ་སུའི་དད་ལྡན་པ་རྣམས་ལ་དད་རྟེན་དུ་སྐུ་སྒེར་གྱི་ན་བཟའ་དང་སྟོན་པའི་སྐུ་བརྙན་བཅས་སྩལ་གནང་ཡོད་པ།
བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ས་ཕྱོགས་གང་ས་ནས་ཕེབས་པའི་དད་ལྡན་པ་མང་དག་ཅིག་ལ་བདུན་རེའི་ནང་ཉིན་གསུམ་རིང་འཆར་ཅན་མཇལ་ཁ་གནང་གི་ཡོད་པ་བཞིན། དེ་རིང་ཟླ་ ༡༢ ཚེས་ ༡༣ ཉིན་ཨུ་རུ་སུའི་ (St.Petersburg) གྲོང་ཁྱེར་ནས་ཡིན་པའི་དད་ལྡན་པ་ཁྱོན་ ༢༡ ཙམ་ལ་ཡང་མཇལ་ཁ་སྩལ་གནང་ཡོད་པ་དང་། མཇལ་ཁ་གྲུབ་མཚམས་སུ་དེ་སྔ་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་སློབ་གཉེར་གནང་མྱོང་བ།ཨུ་རུ་སུའི་དགེ་སློང་ཡེ་ཤེས་ཚེ་རིང་ལགས་ནས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨུ་རུ་སུའི་ནང་ཕེབས་ཐུབ་མེད་པས། ཨུ་རུ་སུའི་དད་ལྡན་པ་རྣམས་མགོན་པོ་མཆོག་ལ་མཇལ་འདུན་ཤུགས་དྲག་ཡོད་སྟབས། ཐེངས་འདིར་ཁོང་རྣམ་པ་ཆེད་དུ་མགོན་པོ་མཆོག་གི་མཇལ་ཁ་ཞུ་རུ་བཅར་པ་དང་། ༸གོང་ས་མཆོག་གིས་ཁོང་ཚོར་དད་རྟེན་དུ་ཁོང་སྐུ་སྒེར་གྱི་ན་བཟའ་དང་སྟོན་པའི་སྐུ་བརྙན་བཅས་གནང་བྱུང་བ་ནི་ཤིན་ཏུ་ནས་ཀྱང་བྱིན་རླབས་ཆེན་པོ་དང་བསྐལ་པ་བཟང་པོ་བྱུང་བ་མ་ཟད། འབྱུང་འགྱུར་ཨུ་རུ་སུའི་གྲོང་ཁྱེར་ (St.Petersburg) ནང་རྟེན་གཞི་བྱས་པའི་ཀུན་བརྩེ་ཆོས་གནས་གྲྭ་ཚང་དུ་རྟེན་རྫས་ཀྱི་སླད་དུ་འཇོག་རྒྱུ་ཡིན་པས། མ་འོངས་པར་ཨུ་རུ་སུའི་དད་ལྡན་པ་མང་དག་ཅིག་ལའང་བྱིན་རླབས་འཐོབ་ངེས་རེད་ཅེས་གསུངས་བྱུང་།

གཞན་ཡང་རྣམ་དག་བསྟན་འཕེལ་ (Namdag Dampilon) ལགས་ནས། དེ་སྔ་ཁོང་ལོ་ཆུང་གི་སྐབས་མགོན་པོ་མཆོག་ཐེངས་དང་པོར་ཡོ་རོབ་ཧྥིན་ལཎ་ཌི་རྒྱལ་ཁབ་ཏུ་མཇལ་མྱོང་ཡོད་ཅིང་། ད་རེས་མགོན་པོ་མཆོག་ཞལ་མཇལ་གྱི་བསྐལ་བཟང་བྱུང་བ་ནི་ཐེངས་གཉིས་པ་ཆགས་ཀྱི་ཡོད་པས། སེམས་ཚོར་ཤིན་ཏུ་ནས་མི་འདྲ་བ་ཞིག་བྱུང་སྐོར་འདི་ལྟར་འགྲེལ་བརྗོད་གནང་གི་འདུག དེ་སྔ་ངས་མི་ལོ་༢༠ལྷག་གི་སྔོན་ཏེ་ང་ལོ་ ༡༤ ཙམ་ཡིན་དུས་མགོན་པོ་མཆོག་ལ་ཧྥིན་ལཎ་ཌི་དུ་མཇལ་མྱོང་ཡོད། སྐབས་དེར་མགོན་པོ་མཆོག་ནས་ཁོང་གི་ཡབ་ཡུམ་གྱི་སྐོར་གསུངས་པ་དང་། ལྷག་པར་དུ་ཕ་མ་ཚོས་ཕྲུ་གུ་རྣམས་ལོ་ཆུང་གི་སྐབས་ནས་བྱམས་བརྩེས་སྐྱོང་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་སྐོར་གསུངས་པ་ཞིག་དྲན་གྱི་འདུག ཡིན་ནའང་དེ་སྐབས་ང་རང་ཕྲུ་གུ་ཆུང་ཆུང་ཞིག་ཡིན་པས་ངས་དེ་ཙམ་དོ་སྣང་དང་ནང་དོན་རྟོགས་ཐུབ་ཀྱི་མེད། ད་ལྟ་ལོ་བཅུ་ཕྲག་གཉིས་ཙམ་གྱི་རྗེས་སུ་བསྐྱར་དུ་མགོན་པོ་མཆོག་གྱི་གཞལ་མཇལ་བྱུང་སྟེ། ངའི་སེམས་ནང་དུ་དམིགས་བསལ་གྱི་ཞི་བདེ་དང་སེམས་ཤུགས་འཕར་མ་ཞིག་སྐྱེས་སོང་ཞེས་འགྲེལ་བརྗོད་གནང་གི་འདུག
རྩ་བའི་ཨུ་རུ་སུའི་གྲོང་ཁྱེར་ (St.Petersburg) ནང་རྟེན་གཞི་བྱས་པའི་ཀུན་བརྩེ་ཆོས་གནས་གྲྭ་ཚང་ནི། ༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གི་ཐུགས་བཀོད་དང་མཚན་བཅས་གསོལ་སྩལ་བཞིན། བྷུ་རད་ཐུའི་རྒྱལ་ཕྲན་གྱི་སོག་རིགས་མཚན་ཞབས་ངག་དབང་བློ་བཟང་མཆོག་ཨུ་རུ་སུའི་ནང་ཆེད་ཕེབས་ཀྱིས། ཨུ་རུ་སུའི་གོང་མ་ཛར་ནས་ཆོག་མཆན་ཐོབ་པ་བརྒྱུད། ཕྱི་ལོ་ ༡༩༠༩ ནས་གསར་བཞེངས་དབུ་འཛུགས་ཞུས་ཏེ་ ༡༩༡༥ ལོར་ཡོངས་སུ་ལེགས་པར་གྲུབ་པ་དེར། གྲྭ་ཚང་གསར་བཞེངས་ཀྱི་མཐུན་རྐྱེན་དུ་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་དངུལ་སྲང་ཁྲི་ཕྲག་ལྔ་གསོལ་རས་སུ་སྩལ་བ། མཚན་ཞབས་རྡོ་རྗེ་ཡིབ་བམ་ངག་དབང་བློ་བཟང་གི་མཛད་རྣམ་ཚིགས་བཅད་མར་འཁོད་ཡོད་པ་རེད། ཨུ་རུ་སུའི་རྒྱལ་ས་རྙིང་པའི་ནང་གི་བོད་བརྒྱུད་ནང་བསྟན་གྱི་གྲྭ་ཚང་ཐོག་མ་དེ་ནི། ཕྱི་ལོ་ ༡༩༡༧ ནས་ཨུ་རུ་སུའི་དམར་དམག་གིས་གཏོར་བཤིག་དང་དགེ་འདུན་པ་ཚོར་བཙན་གནོན་དང་བཙོན་འཇུག་ཚབས་ཆེ་བྱས་ཡོད་ཅིང་། ༡༩༣༣ ལོར་༸རྒྱལ་དབང་བཅུ་གསུམ་པ་ཆེན་པོ་མཆོག་དགོངས་པ་གཞན་དོན་དུ་གཤེགས་སྐབས་གདུང་མཆོད་འཚོགས་ཐུབ་པའི་གནས་ཚུལ་བྱུང་ཡོད་ནའང་། ཕྱི་ལོ་ ༡༩༣༥ ནས་ཨུ་རུ་སུ་དམར་ཤོག་གིས་ཆོས་སྒོ་བརྒྱབས་ཏེ་མི་ལོ་ལྔ་བཅུའི་རིང་ཆོས་ཕྱོགས་ཀྱི་བྱ་བ་སྒྲུབ་བཅུག་མེད་པ་དེར། ཕྱི་ལོ་ ༡༩༨༧ ནང་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་དེ་གར་ཆིབས་བསྒྱུར་གནང་བ་དང་། ༡༩༨༩ ལོར་དངོས་སུ་ཆོས་སྒོ་ཕྱེས་ཏེ་ལ་དྭགས་བ་ཀུ་ལ་རིན་པོ་མཆོག་གིས་གྲྭ་ཚང་དེར་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱངས་ཡོད་པ་རེད།
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།