༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དུ་རབ་གནས་ཤིང་སྦྲུལ་ལོའི་མཇལ་ཁ་མཐའ་མ་སྩལ་བ།

2025.02.26
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དུ་རབ་གནས་ཤིང་སྦྲུལ་ལོའི་མཇལ་ཁ་མཐའ་མ་སྩལ་བ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁའི་སྐབས། ༢༠༢༥།༠༢།༢༦ ཉིན།
OHHDL

ཟླ་ ༢ ཚེས་ ༢༦ རེས་གཟའ་ལྷག་པའི་ཉིན་གྱི་སྔ་དྲོར། བོད་མའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ། འཛམ་གླིང་ཡུལ་གྲུ་འདྲ་མིན་ནས་ཕེབས་པའི་མཇལ་ཞུ་བ་ཁྱོན་ ༢༦༠ ཙམ་ཞིག་ལ་མཇལ་ཁ་སྩལ་གནང་མཛད་ཡོད་པ་རེད།

ཐེངས་འདིའི་མཇལ་ཞུ་བའི་ཁོངས་བྷ་ར་ཛིལ་ནས་ཡིན་པ་ར་ཧྥ་ཡ་ལ་ལགས་ཀྱིས། དེ་རིང་ཁོང་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་དངོས་སུ་མཇལ་ཁ་ཐོབ་པར་བཀའ་དྲིན་ཆེན་པོ་དང་དུས་ནམ་ཡང་བརྗེད་དཀའ་བའི་མྱོང་བ་ཞིག་བྱུང་ཞེས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་དོན་ལ། “ངའི་རྨོ་ལགས་འདས་པོ་ཁོང་བོད་བརྒྱུད་ནང་བསྟན་ལ་ཞུགས་པ་དེའི་རྐྱེན་གྱིས་ང་ལ་ཡང་བོད་བརྒྱུད་ནང་བསྟན་གྱི་ཤེས་བྱ་གཏིང་ཟབ་མོ་ཞིག་ཐོབ་སོང་ལ། དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་ཐོབ་པར་བྱམས་བརྩེའི་མྱོང་བ་སོགས་དུས་ནམ་ཡང་བརྗེད་དཀའ་བའི་ཚོར་བ་དམིགས་བསལ་བ་ཞིག་བྱུང་། ” ཞེས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

HHDL-audience-public-26Feb2025-photo.jpg
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་བཅར་བ་རྣམས་ཕོ་བྲང་གི་རྒྱལ་སྒོའི་ཕྱི་རུ། ༢༠༢༥།༠༢།༢༦ ཉིན།

གཞན་ཡང་སོག་པོ་ནས་ཕེབས་པའི་བོད་མིང་ལ་བསྟན་འཛིན་བློ་གསལ་ཞུས་པ་ཡིས། ད་ལན་ཁོང་ལ་ལོ ༢༠ རྗེས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐེངས་གཉིས་པ་དེ་ཐོབ་ཡོད་སྐོར་ངོ་སྤྲོད་གནང་བ་དང་སྦྲགས། ཐེངས་འདིར་མགོན་པོ་མཆོག་གི་མཇལ་ཁའི་ཆེད་ཁོང་དང་ལྷན་དུ་བྷེ་ལ་རུ་སི་དང་བྷུ་རི་ཡཌ། ཀར་མིག་བཅས་ནས་མི་བརྒྱད་ཕེབས་ཡོད་པ་འགྲེལ་བརྗོད་གནང་གི་འདུག་ལ། བྷེ་ལ་རུ་སི་ནས་ཡིན་པའི་བོད་མིང་ལ་རིག་འཛིན་ཞུས་པ་ཡིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་ཁོང་ལ་མཚོན་ན་བྱམས་བརྩེའི་སློབ་སྟོན་པའི་དཔེ་མཚོན་བཟང་ཤོས་དེ་ཡིན་ཞེས་དང་། ཁོང་ནས་ནང་ཆོས་ཉམས་ལེན་གནང་སྟེ་ལོ་གསུམ་ཕྱིན་ཡོད་ཀྱང་མགོན་པོ་མཆོག་གི་ཞལ་མཇལ་ཐོབ་པ་ཐེངས་དང་པོ་ཡིན་སྐོར་འགྲེལ་བརྗོད་གནང་བ་དང་སྦྲགས། ཁོང་ནས་མགོན་པོ་མཆོག་སྐུ་དངོས་སུ་མཇལ་རྒྱུ་ཡོང་གི་རེད་ནམ་ཡང་དྲན་མྱོང་མེད་པས་བསམ་ཡུལ་ནས་འདས་པ་ཞིག་བྱུང་ཞེས་གསུངས་ཀྱི་འདུག

རྩ་བའི་ཉེ་ལམ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་སུ་སྐུ་ལྷོད་བཞུགས་ཆེད་ཆིབས་བསྒྱུར་གྱིས། འདི་ཚེས་ ༢༡ ཉིན་བཞུགས་སྒར་དུ་ཕྱིར་ཞབས་སོར་འཁོད་རྗེས། འདི་ཚེས་ ༢༤ ཉིན་བཞུགས་སྒར་དུ་མང་མཇལ་ཐོག་མ་དེ་སྩལ་ཡོད་པ་རེད་ལ། ཐེངས་འདིའི་མང་མཇལ་ནི་ཐེངས་གཉིས་པ་དེ་ཡིན་ཞིང་། དེ་ནི་བོད་རྒྱ་ལོ་ ༢༡༥༡ སྟེ། ལོ་གསར་པ་མ་ཚེས་གོང་གི་མང་མཇལ་སྩལ་བ་མཐའ་མ་དེ་ཆགས་ཀྱི་ཡོད་པ་རེད།

གསར་འགོད་པ། རྡོ་རྗེ་སྒྲོལ་མ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎