བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་མུ་མཐུད་གནང་འདུན་ཡོད་ཅེས། ཨཤ་རཕ་ཨུལ་ཧུ་སེན་ལགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་གྲུབ་མཚམས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཟླ་བ་འདིའི་ཕྱི་ཚེས་ ༢༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པིར་རྟེན་གཞི་བྱས་པའི་གདན་ས་བཀྲིས་ལྷུན་པོའི་དགོན་པའི་ནང་། རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཁོངས་ཀྱི་བོད་མི་དགུང་ལོ་ ༧༠ ནས་ ༧༩ བར་དང་། དེ་བཞིན་དགུང་ལོ་ ༦༠ ནས་ ༦༩ བར་བཅས་སྡེ་ཁག་གཉིས་ཀྱི་བོད་མི་ཁྱོན་ ༢༣༣ གཙོས་པའི། ས་གནས་འདྲ་མིན་ནས་ཕེབས་པའི་བོད་མི་དང་རྒྱ་གར་བ། དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་དང་ཕྱི་རྒྱལ་བ། རྒྱ་རིགས་དང་སོག་རིགས་སོགས་ཁྱོན་ཕྱི་ནང་དད་ལྡན་པ་ ༥༠༠ བརྒལ་བ་ཞིག་ལ་མཇལ་ཁ་སྩལ་གནང་མཛད་ཡོད་པ་རེད།

ཐེངས་འདིར་རྒྱ་གར་ལྷོ་ཕྱོགས་ཀར་ཎ་ཀྲ་ཀ་མངའ་སྡེའི་བོད་མིའི་གཞིས་ཆགས་འཛུགས་སྐབས་མཐུན་འགྱུར་རྒྱབ་སྐྱོར་གནང་མཁན་གྲས། རྒྱ་གར་མའི་ར་ཌ་ (Myrada) ཚོགས་པའི་མེའི་སོར་སྡེ་ཚན་གྱི་འཛིན་སྐྱོང་འགན་འཛིན་ཨཤ་རཕ་ཨུལ་ཧུ་སེན་ (Ashraf ul Hussan) གཙོས་པའི་ལས་བྱེད་མི་སྣ་བདུན་ཙམ་ཞིག་ནས་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཡོད་ཅིང་། མཇལ་ཁ་གྲུབ་མཚམས་སུ་ཨཤ་རཕ་ཨུལ་ཧུ་སེན་ལགས་ཀྱིས། དེ་རིང་ང་ཚོ་ཚང་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁའི་བྱིན་བརླབས་ཐོབ་པར་སྐལ་པོ་བཟང་པོ་ཞེ་དྲགས་བྱུང་ཞིང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བརྩེ་ཆེན་པོས་གཞན་ཕན་གྱི་མཛད་པ་རླབས་ཆེན་བསྐྱངས་གནང་མཛད་བཞིན་ཡོད་པ་ལྟར། ང་ཚོས་ཀྱང་སྤྱི་ཚོགས་སུ་ཕན་བདེའི་བྱ་བཞག་བསྒྲུབ་རྒྱུ་དང་། ལྷག་པར་དེ་སྔ་ཕྱི་ལོ་ ༡༩༦༠ རེ་གྲངས་ནང་མངའ་སྡེ་འདིའི་ནང་བོད་མིའི་གཞིས་ཆགས་གསར་འཛུགས་སོགས་ཀྱི་ཐད་རོགས་སྐྱོར་ཞུས་ཡོད་པ་ལྟར། ད་དུང་མ་འོངས་མུ་མཐུད་བོད་མི་རྣམས་ཀྱི་སོ་ནམ་ལས་གཞིའི་ཐོག་མཐུན་འགྱུར་རྒྱབ་སྐྱོར་གནང་རྒྱུའི་འཆར་གཞི་ཡོད་ཅེས། འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།
དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་མཁན་བོད་མི་བགྲེས་སོང་རྣམས་ཀྱིས་གཙོས་པའི། བོད་མི་ཁག་ཅིག་ནས་མགོན་པོ་གང་ཉིད་ཀྱི་ཞལ་མཇལ་ཐོབ་པ་དེ་སྐལ་པ་བཟང་པོ་ཞིག་ལ་ངོས་འཛིན་གྱིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཞིང་། བོད་དོན་བདེན་མཐའ་སེལ་བ་སོགས་ཀྱི་སྨོན་འདུན་ཞུ་བཞིན་ཡོད་སྐོར། འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གི་འདུག
གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བརྩེ་ཆེན་པོས་ཟླ་བ་འདིའི་ཚེས ༨ ནས་དབུ་བཙུགས་ཀྱིས། བདུན་རེའི་རེས་གཟའ་ཟླ་བ་དང་ལྷག་པ། དེ་བཞིན་པ་སངས་འཆར་ཅན་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་སྒར་ཁག་ལྔའི་ནང་གནས་སྡོད་བོད་མི་སེར་སྐྱ་མི་མང་དགུང་ལོ་ ༨༠ ཡན་གྱི་མི་མང་རྣམས་མཇལ་ཁ་གནང་རྒྱུའི་མཚོན་པའི། ཕྱི་ནང་དད་ལྡན་པ་རྣམས་ལ་མང་མཇལ་སྩལ་གནང་མཛད་ཡོད་ཅིང་། མཇལ་ཁ་རིམ་པ་གཉིས་པའི་ནང་ལྷོ་ཕྱོགས་བོད་མིའི་གཞིས་སྒར་ཁག་ལྔའི་ནང་གི་བོད་མི་དགུང་ལོ་ ༧༠ ནས་ ༧༩ བར་དང་། དེ་བཞིན་ ༦༠ ནས་ ༦༩ བར་བཅས་སྡེ་ཁག་རིམ་པ་གཉིས་པ་དང་གསུམ་གཉིས་གནང་བཞིན་ཡོད་པ་རེད་ལ། དེ་རིང་མགོན་པོ་གང་ཉིད་ནས་མང་མཇལ་གནང་བ་དེ་ནི་ཉིན་དགུ་པ་དེ་ཆགས་ཀྱི་ཡོད་པ་རེད་འདུག
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།