སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སུ་དད་ལྡན་པ་ཁྱོན་༤༠༠ཙམ་ཞིག་ལ་མཇལ་ཁ་སྩལ་བ།
ཟླ་བ་འདིའི་ཚེས་ ༡༥ ཉིན་སྤྱི་ནོར་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་གདན་ས་བཀྲིས་ལྷུན་པོའི་དགོན་པའི་ནང་དུ་འབྲས་སྤུངས་དང་དགའ་ལྡན་དགོན་པ་ནས་དགུང་ལོ་༨༠ཡན་གྱི་དགེ་འདུན་པ་༣༥ དང་། རྒས་གསོ་ཁང་ནས་རྒན་རྒོན་གྲངས་ ༡༠༤ དེ་བཞིན་དབང་པོ་སྐྱོན་ཅན་སོགས་དམིགས་བསལ་དགོས་མཁོ་ཅན་ ༢༠ གཙོས་པའི་རྒྱ་གར་བ་དང་ཕྱི་རྒྱལ་དད་ལྡན་པ་ཁྱོན་མི་གྲངས་ ༤༠༠ ལྷག་ཙམ་ཞིག་ལ་མཇལ་ཁ་སྩལ་གནང་ཡོད་པ་དང་། མཇལ་ཁ་གྲུབ་མཚམས་བོད་མི་སྐྱ་སེར་ཁག་གཅིག་ནས་ད་ལན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་མཇལ་ཐོབ་སྐབས་དགའ་དད་སྤྲོ་གསུམ་གྱི་ཚོར་སྣང་སྔར་དང་མི་འདྲ་བ་ཞིག་བྱུང་ཞིང་། མགོན་པོ་གང་ཉིད་སྐུ་ཚེ་བརྟན་ཅིང་སླར་ཡང་མཇལ་ཁའི་སྐལ་བཟང་གི་གོ་སྐབས་ཐོབ་པ་དང་བོད་མི་ཚང་མ་རྡོ་རྩ་ཆིག་སྒྲིལ་གྱི་གཞིས་བྱེས་མཉམ་འཛོམས་ཡོང་བའི་སྨོན་འདུན་གནང་ཡོད་སྐོར་གསུངས་ཀྱི་འདུག
ཡང་མཇལ་བཅར་བའི་ཁོངས་སུ་རང་གོ་སྤོ་ལགས་ཀྱི་པྱག་རོགས་སུ་ཕེབས་མཁན་རང་ལོ་ ༡༠ ཡིན་པའི་བསྟན་འཛིན་ནོར་ཀུན་ལགས་ཀྱིས། ཐེངས་འདིར་ཁོང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་ཡོད་སྐོར་འགྲེལ་བརྗོད་ཀྱིས་༸གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་སྨོན་འདུན་ཞུས་པ་དང་སྦྲགས། མཇལ་ཁའི་སྐབས་ཁོངས་ནས་མགོན་པོ་མཆོག་གི་སྐུ་མདུན་དུ་རྣམ་ཐར་ཞིག་གཟིགས་འབུལ་ཞུས་ཡོད་སྐོར་གསུངས་བྱུང་ལ། མོན་གྷོ་འདོད་རྒུ་གླིང་གྲོང་སྡེ་ ༦ པ་ནས་ཡིན་པ་ལྷག་པ་ཚེ་རིང་ལགས་ནས། དེ་སྔ་ཁོང་གིས་ཚོང་ལས་དང་ཞིང་ལས་གཉེར་བའི་ཁེ་བབ་ནས་ཕྲན་བུ་གསོག་འཇོག་གནང་སྟེ་མོན་གྷོ་འདོད་རྒུ་གླིང་རྒན་གསོ་ཁང་གི་བོད་མི་བགྲེས་སོང་རྣམས་ལ་ཆོས་མཇལ་དང་ས་གནས་ཁག་ལ་སྤྲོ་འཆམ་དུ་ཁྲིད་པ་སོགས་ཀྱི་ཞབས་ཞུ་སྒྲུབ་གནང་གི་ཡོད་ལྟར། རྒན་རྒོན་དེ་དག་དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་སླད་འགྲིམ་འགྲུལ་གྱི་རླངས་འཁོར་དང་ཞལ་ལག སྨན་སོགས་ཀྱི་མཐུན་རྐྱེན་མཁོ་སྤྲོད་གནང་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག
དེ་མིན་ཐེངས་འདིར་རྒྱ་གར་ལྷོ་ཕྱོགས་མེའི་སོར་རྫོང་དཔོན་གཙོས་པའི་རྒྱ་གར་བ་དང་ཕྱི་རྒྱལ་མི་སྣ་ཁག་གཅིག་ནས་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་འདུག གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཚེས་ ༥ ཉིན་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པིའི་གདན་ས་ཆེན་པོ་བཀྲིས་ལྷུན་པོར་སྐུ་ལྷོད་བཞུགས་མཛད་ཆེད་ཆིབས་བསྒྱུར་བསྐྱངས་ཡོད་ཀྱང་། འདི་ཚེས་ ༨ ནས་བཟུང་བདུན་རེའི་རེས་གཟའ་ཟླ་བ་དང་ལྷག་པ། པ་སངས་བཅས་ཉིན་གསུམ་རིང་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མི་བགྲེས་སོང་དགུང་ལོ་ ༨༠ ཡན་དང་ནད་གཅོང་། དེ་བཞིན་ཕྱི་ནང་དད་ལྡན་པ་རྣམས་ལ་མཇལ་ཁ་སྩལ་རྒྱུའི་གསལ་བསྒྲགས་ཤིག་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་སྤེལ་ཡོད་པ་རེད།
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།