བོད་ཀྱི་འཐབ་རྩོད་མི་རབས་གསར་བ་ཚོར་འགན་ཡོད།
2015.10.11

༄༅༎ཕྱི་ཟླ་༡༠ ཚེས་༡༠ ཉིན་བཞུགས་སྒར་རྡ་རམ་ས་ལར་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་བཙུགས་ནས་ལོ་ངོ་བཅུ་འཁོར་བའི་མཛད་སྒོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཕྱི་ནང་གཉིས་ཀྱི་མི་རབས་གཞོན་པ་ཚོས་ནང་ཆོས་དེ་མི་ཉམས་རྒྱུན་འཛིན་བྱ་རྒྱུ་གལ་ཆེན་པོ་དང་དེ་ཡིས་སྒེར་དང་སྤྱི་ཚོགས་གཉིས་ལ་ཕན་ཐོགས་སྐྲུན་ཐུབ་རྒྱུ་ཡིན་པའི་བཀའ་སློབ་སྩལ་གནང་ཡོད་པ་རེད།
ཉིན་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔེ་སྟོན་སློབ་གྲྭའི་པར་རིས་འགྲེམས་སྟོན་ལ་ཐུགས་ཞིབ་མཛད་གནང་བ་དང་། སློབ་མ་ཁག་ཅིག་གིས་དུས་བཟང་གཉིས་འཛོམས་ཀྱི་མཆོད་སྤྲིན་ཞེས་པའི་བཀྲིས་རྟེན་འབྲེལ་གྱི་མཉམ་གཞས་གཟིགས་འབུལ་ཞུས་པའི་ཁར་བོད་རྒྱ་དབྱིན་གསུམ་གྱི་ཐོག་ནས་༸གོང་ས་མཆོག་ལ་བཀྲིན་རྗེས་དྲན་གྱི་སྙན་ངག་ཀློག་འདོན་ཞུས་པའི་རྗེས་། ༸གོང་ས་མཆོག་གིས་དཔེ་སྟོན་སློབ་གྲྭའི་དགེ་ལས་སློབ་ཕྲུག་ལ་བཀའ་སློབ་སྩལ་བའི་ནང་། དཔེ་སྟོན་སློབ་གྲྭ་དེ་ནི་ལོ་ངོ་བཅུའི་ནང་ལ་མིང་དོན་མཚུངས་པའི་་གྲུབ་འབྲས་གང་ལེགས་བྱུང་ཡོད་པའི་བསྔགས་བརྗོད་མཛད་ཡོད་པ་མ་ཟད་། བོད་ཀྱི་འཐབ་རྩོད་དེ་མི་ཐོག་གཅིག་གི་སྐད་ཆ་མ་ཡིན་པར་མི་རིགས་ཤིག་གི་འཐབ་རྩོད་ཡིན་སྟབས། བོད་ཀྱི་འཐབ་རྩོད་ནི་བོད་གངས་ཅན་པའི་ཤ་ཁྲག་རུས་གསུམ་གྱིས་གྲུབ་པའི་མི་རབས་གསར་པ་ཚོར་འོས་འགན་བབས་ཡོད་པ་དང་། ད་ཆ་བོད་ཕྱི་ནང་གཉིས་ཀྱི་མི་རབས་རྒན་པ་རྣམས་རིམ་གྱིས་རྫོགས་བཞིན་ཡོད་སྟབས་མི་རབས་གཞོན་པ་ཚོར་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གཏིང་ཟབ་ཡོད་པ་དེ་དག་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་གཏོང་བ་བརྒྱུད་འཛམ་གླིང་སྤྱི་ལ་ཕན་ཐོགས་སྒྲུབ་ཐུབ་པའི་གོ་སྐབས་ཡོད་ལ། འགན་འཁྲི་ཡང་ཡོད་པ་རེད། དེར་བརྟེན་དུས་རབས་ཉེར་གཅིག་པའི་བོད་མི་ན་གཞོན་ཚོས་སེམས་ཤུགས་སྐྱེད་དེ་ཧུར་ཐག་བྱེད་དགོས་པ་མ་ཟད་། ཆུང་དུས་ནས་སོ་སོའི་རྒྱུད་ལ་ཡོད་པའི་སེམས་བརྒྱུད་བཟང་པོ་དེ་ལག་ལེན་བྱེད་པར་ཤེས་ཡོན་ཡང་ཧ་ཅང་གི་གལ་ཆེན་པོ་ཡིན་ཞིང་། ལྷག་པར་དུ་སེམས་བརྒྱུད་དུ་བྱམས་བརྩེ་དང་ལྷག་བསམ་གཉིས་ཟུང་འབྲེལ་གྱི་ཐོག་ནས་ལག་ལེན་བྱེད་ཐུབ་པ་ཡིན་ཚེ་རང་ཉིད་སྒེར་དང་སྤྱི་ཚོགས་གཉིས་ཀར་ཕན་ཐོགས་ཡོང་རྒྱུ་མ་ཟད། འཛམ་གླིང་སྤྱི་ལའང་ཕན་ཐོགས་སྐྲུན་ཐུབ་མཁན་ཞིག་ཡོང་རྒྱུ་ཡིན་པའི་བཀའ་སློབ་ཕེབས་ཡོད་པ་རེད།།གསར་འགོད་པ་གཡུ་སྒྲོན།