བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཉམས་ལེན་དགོས་གལ་ཆེ་བའི་སྐོར་ཝེཏ་ནམ་གྱི་ཆོས་ཞུ་བ་ཚོར་བཀའ་སྩལ་བ།
རྒྱ་གར་ནང་ཏོག་དབྱིབས་ནད་དུག་འགོས་ཁྱབ་ཀྱི་གནས་སྟངས་ཇེ་ལེགས་སུ་སོང་བའི་དུས་སྐབས་འདིར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་རྒྱལ་ཁབ་ཕྱི་ནང་ནས་དད་ལྡན་མི་མང་དང་གནད་ཡོད་མི་སྣ་སོགས་ལ་རེས་གཟའ་ཟླ་བ་ནས་རེས་གཟའ་སྤེན་པའི་བར་དུ་སྔ་དྲོ་འཆར་ཅན་ཐུགས་བརྩེ་བ་ཆེན་པོས་མཇལ་ཁ་དང་རླབས་ཆེན་གྱི་བཀའ་སློབ་ལམ་སྟོན་སྩལ་མུས་ཡིན་ཞིང་། སྤྱི་ཟླ་༡༡་ཚེས་༡༦ ཉིན་གྱི་སྔོ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཝེཏ་ནམ་རྒྱལ་ཁབ་ནས་ཕེབས་པའི་མཇལ་བཅར་བ་ཁག་ཅིག་ལ་བཀའ་སློབ་སྩལ་བའི་ནང་། མགོན་པོ་གང་ཉིད་མཆོག་ནས་ཉིན་ལྟར་བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་གྱི་ཡོད་པའི་རྗེས་འབྲས་སུ་སེམས་ལ་ཏན་ཏན་འགྱུར་བ་ཐེབས་ཀྱི་ཡོད་པས། ཝེཏ་ནམ་གྱི་ཆོས་གྲོགས་ཚོས་ཀྱང་འདི་ལྟར་ཉེམས་ལེན་དགོས་གལ་ཆེ་བའི་སྐོར་བཀའ་གནང་འདུག
ཡང་བོད་དང་ས་འབྲེལ་ཆགས་པའི་གློ་སྨོན་ཐང་ངམ་(Mustang)གི་ཡུལ་མི་ཁག་ཅིག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། གོང་ཞུས་ཉིན་གྱི་སྔོ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་གློ་སྨོན་ཐང་གི་སེར་སྐྱ་ཕོ་མོ་གྲངས་༡༥༠ ལ་ཐུགས་དགྱེས་ཚོར་ཆེན་པོས་དམིགས་བསལ་མཇལ་ཁ་སྩལ་གནང་མཛད་འདུག་ཅིང་། མཇལ་ཁ་གྲུབ་མཚམས་སུ་གློ་རྩ་རང་དགོན་པ་ནས་ཡིན་པའི་དགེ་འདུན་པ་བཀྲིས་ཚེ་རིང་ལགས་ཀྱིས། ༸རྒྱལ་བ་རིན་པོ་ཆེ་མཆོག་མཛད་འཕྲིན་རྒྱས་པོ་ཞེ་དྲགས་རེད་འདུག་པས། དམིགས་བསལ་བཀའ་སློབ་ལམ་སྟོན་ཞུ་རྒྱུ་བྱུང་མེད་ཀྱང་། གང་ཉིད་མཆོག་གི་གསེར་ཞལ་དངོས་སུ་མཇལ་རྒྱུ་བྱུང་བས། ཧ་ཅང་གི་ངོ་མཚར་ཆེ་ཞེས་འགྲེལ་བརྗོད་གནང་བྱུང་།
ཡང་གློ་སྨོན་ཐང་ནས་ཡིན་པའི་ན་གཞོན་བསོད་ནམས་ལྷན་གྲུབ་ལགས་ཀྱིས། ངའི་མི་ཚེ་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་རེས་དངོས་སུ་མཇལ་བ་ཐེངས་དང་པོ་ཡིན་པས། བརྗོད་པ་དཀའ་བའི་ཚོར་བ་ཆེན་པོ་བྱུང་ཞེས་དང་། སྤྱིར་བཏང་ང་ཚོ་བལ་པོའི་ཁོངས་སུ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། ང་ཚོའི་གོམས་གཤིས་དང་རིག་གཞུང་ཆ་ཚང་བོད་མི་དང་གཅིག་མཚུངས་ཡིན་པ་དེ་ནི་སྤོབས་པ་སྐྱེས་གཞི་ཡིན་པ་འགྲེལ་བརྗོད་གནང་གི་འདུག
ཡང་གློ་ཆུ་མིག་བརྒྱ་རྩར་རྟེན་གཞི་བྱས་པའི་རི་ཁྲོད་ཕུན་ཚོགས་གླིང་དགོན་པའི་མཁན་པོ་བསྟན་པ་བཟང་པོ་ལགས་ཀྱིས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་ང་ཚོའི་ཡུལ་གྱི་དད་ལྡན་མི་མང་ཚོས་སངས་རྒྱས་གཉིས་པ་ལྟ་བུ་ཞིག་ལ་ངོས་འཛིན་གནང་གི་ཡོད་པས། ད་རེས་མཇལ་ཁ་དངོས་སུ་རག་པར་བསྐལ་བ་བཟང་པོ་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་གློ་སྨོན་ཐང་གི་མཇལ་བཅར་བ་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསེར་ཞལ་མཇལ་རྒྱུ་བྱུང་བ་དེ་ནི་བསྐལ་བཟང་གི་ཉིན་མོར་ངོས་འཛིན་སླད་། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རཱའི་ནང་“སངས་རྒྱས་དངོས་སུ་མཇལ་སོང་” ཞེས་པའི་གློ་སྨོན་ཐང་གི་སྲོལ་རྒྱུན་ཞབས་གཞས་འཁྲབ་སྟོན་གནང་སོང་།
གཞི་རྩའི་ཆ་ནས་བོད་དང་ས་འབྲེལ་ཆགས་པའི་ཧི་མ་ལ་ཡའི་རི་རྒྱུད་ཡོལ་མོ་དང་ཙུམ། ཝ་ལུང་། དོལ་པོ་དང་། གླེ་མི། ཤར་ཁུམ་བུ་དང་། གློ་སྨོན་ཐང་སོགས་ནི་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་དང་དམིགས་བསལ་འབྲེལ་བ་ཡོད་པ་མ་ཟད། ལྷག་པར་དུ་སྤྱི་ལོ་༡༩༦༠ ནང་གློ་སྨན་ཐང་དུ་བོད་མི་སྟོང་ཕྲག་གཉིས་ལྷག་གིས་གློ་དམག་སྒར་ཆེད་འཛུགས་ཀྱིས་རྒྱ་ནག་ལ་ཕར་རྒོལ་བྱས་ཡོད་པ་རེད། རྗེས་སུ་གློ་སྒྲིག་གི་རྒྱུད་པ་རྣམས་ཀྱིས་བལ་ཡུལ་སྤོག་ར་གཞིས་ཆགས་ཁག་ཅིག་གསར་འཛུགས་གནང་ཡོད་པ་རེད།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།