༸གོང་ས་མཆོག་གིས་རྒྱ་གར་ཧི་མ་ཅལ་མངའ་སྡེའི་གཞོན་སྐྱེས་དང་རྩེད་རིགས་བློན་ཆེན་ལ་མཇལ་ཁ་སྩལ་བ།

བོད་མིའི་དབུ་ཁྲིད་༸གོང་ས་མཆོག་དང་རྒྱུན་རིང་ཐུགས་འདྲེས་ཀྱི་གྲོགས་པོ་དང་སྐུ་ཚེ་ཧྲིལ་བོར་བོད་དོན་རྒྱབ་སྐྱོར་གནང་མཁན། རྒྱ་གར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་ཝིར་བྷ་དུར་སེང་ལགས་ཀྱི་སྲས་དང་། རྒྱ་གར་ཧི་མ་ཅལ་མངའ་སྡེའི་གཞོན་སྐྱེས་དང་རྩེད་རིགས་བློན་ཆེན་ཝིཀ་རམ་ཨ་རྡི་ཏི་ཡ་སེང་ལགས་ནས། སྤྱི་ཟླ་༥པའི་ཚེས་༢༣ཉིན་བཞུགས་སྒར་ཕོ་བྲང་དུ་༸གོང་ས་མཆོག་ལ་མཇལ་ཁ་ཞུས་པ་དང་བསྟུན། ཁོ་རང་མངའ་སྡེ་གཞུང་གི་སྤྱི་དམངས་ཀྱི་ལམ་ཁ་དང་ཟམ་པ་སོགས་འཛུགས་སྐྲུན་གྱི་བློན་ཆེན་ཀྱང་ཡིན་པར་བརྟེན། འབྱུང་འགྱུར་༸གོང་ས་མཆོག་དབུས་པའི་བོད་མི་ཚོར་མཐུན་འགྱུར་རོགས་རམ་ག་རེ་དགོས་ན་མགོན་པོ་གང་ཉིད་ཀྱི་ཐུགས་རེ་ལྟར་བྱ་འདུན་ཡོད་པ་ཅེས་འགྲེལ་བརྗོད་གནང་གི་འདུག ༸གོང་ས་མཆོག་ལ་མཇལ་ཏེ་ཧ་ཅང་གིས་དགའ་ཚོར་ཆེན་པོ་དང་སེམས་ནང་ཞི་བདེའི་ཚོར་བ་མི་ཟད་པ་ཞིག་བྱུང་། ངའི་ཕ་དམ་པ་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་ཝིར་བྷ་དུར་སེང་ལགས་དང་།༸གོང་ས་མཆོག་རྣམ་གཉིས་ནི་ཐུགས་འདྲེས་ཆེན་པོ་དང་རྒྱུན་རིང་གི་གྲོགས་པོ་ཡིན་པས།༸གོང་ས་མཆོག་གིས་ཕ་དམ་པ་ཐུགས་དྲན་སོས་པ་དང་ཆབས་ཅིག་ཏུ་ང་ལ་བྱིན་རླབས་གནང་སོང་བ་མ་ཟད། བཞུགས་སྒར་རྡ་རམ་ས་ལ་ནི་མགོན་པོ་གང་ཉིད་ཀྱི་ནང་ལྟ་བུར་ངོས་འཛིན་གནང་གི་ཡོད་པར་བཀའ་སྩལ་སོང་བར་བརྟེན།༸གོང་ས་མཆོག་དབུས་པའི་བོད་མིའི་སྤྱི་ཚོགས་ལ་མ་འོངས་པར་མཐུན་འགྱུར་རོགས་རམ་ག་རེ་བྱེད་དགོས་ན།མགོན་པོ་གང་ཉིད་ཀྱི་ཐུགས་རེ་ལྟར་བྱ་འདུན་ཡོད་པ་དང་།༸གོང་ས་མཆོག་ཧི་མ་ཅལ་མངའ་སྡེར་བཞུགས་ཏེ་ད་བར་ང་ཚོར་ཐུགས་བརྩེའི་གཟིགས་པ་ཆེན་པོ་གནང་གི་ཡོད་པས། མགོན་པོ་གང་ཉིད་ལ་ཞབས་ཕྱི་ཅི་ཐུབ་བྱེད་རྒྱུ་ང་ཚོའི་བསོད་ནམས་ཀྱི་བགོ་སྐལ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག།
གཞན་ཡང་སྤྱི་ལོ་༢༠༡༥ལོར་བཞུགས་སྒར་དུ་༸གོང་ས་མཆོག་གི་སྐུའི་གྱ་སྟོན་གནང་སྐབས། དེ་དུས་ཀྱི་ཧི་མ་ཅལ་མངའ་སྡེའི་བློན་ཆེན་ཡིན་པ་རྩེད་རིགས་བློན་ཆེན་ཝིཀ་རམ་ལགས་ཀྱི་ཡབ་ཝིར་བྷ་དུར་སེང་ལགས་སྐུ་མགྲོན་དུ་ཕེབས་ཏེ། ༸གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་མངའ་སྡེ་འདིར་གནས་ཡོད་པར་དགའ་ཚོར་ཆེན་པོ་ཡོད་པ་དང་། ཁོ་རང་གི་རྒྱལ་ཕྲན་དང་བོད་ཀྱི་བར་དུས་རབས་མང་པོར་གྲོགས་འབྲེལ་ཟབ་མོ་ཡོད་པས། ༸གོང་ས་མཆོག་ལ་སེམས་ནང་བརྩི་མཐོང་ཆེན་པོ་ཡོད་པ་གསལ་སྟོན་གནང་གི་འདུག ང་རང་གི་རྒྱལ་ཕྲན་ཞིག་དང་བོད་ཀྱི་བར་དུས་རབས་མང་པོར་ཚོང་འབྲེལ་བཙུགས་ཏེ། ཞི་བདེ་ལྷིང་འཇགས་ཀྱིས་ཕན་ཚུན་མཉམ་འབྲེལ་དང་གྲོགས་པོའི་འབྲེལ་བ་ཐག་ཉེ་ཡོད་པས།༸གོང་ས་མཆོག་གི་སྒྲིག་འཛུགས་དང་དམིགས་བསལ་ད་ལྟའི་༸གོང་ས་སྐུ་ཕྲེང་འདི་པས་ང་ཚོའི་སེམས་ནང་བག་ཆགས་ཟབ་མོ་བཞག་ཡོད་ཅེས་གསལ་སྟོན་གནང་ཡོད་པ་དང་། རྒྱ་གར་ཧི་མ་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་ཝིར་བྷ་དུར་སེང་ལགས་ནི། བོད་དང་རྒྱ་གར་གྱི་ས་མཚམས་སུ་གནས་པའི་རྒྱ་གར་རམ་པུར་རྒྱལ་ཕྲན་གྱི་རྒྱལ་པོ་ཡིན་པར་བརྟེན། དུས་རབས་མང་པོར་བོད་དང་ཕན་ཚུན་ཆོས་དང་རིག་གཞུང་།གྲོགས་པོ་དང་ཚོང་འབྲེལ་སོགས་གཏིང་ཟབ་ཡོད་པའི་རྒྱ་གར་དཔོན་རིགས་ཤིག་ཡིན་པས། ཁོང་དགོངས་པ་མ་རྫོགས་ཀྱི་བར་དུ་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།