བོད་མིའི་སེམས་རྒྱུད་ལ་ཡོད་པའི་སེམས་པ་བཟང་པོ་བྱེད་རྒྱུའི་ཐད་ཚང་མས་འབད་བརྩོན་གནང་དགོས་ཞེས་བཀའ་བསྩལ་བ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ཤིང་འབྲུག་ལོའི་ལོ་གསར་ཚེས་ ༡༥ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཚོགས་བཞིན་པའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་དེ། དད་ལྡན་སེར་སྐྱ་ཕོ་མོ་སྟོང་ཕྲག་བརྒལ་བར་ཆོས་འབྲེལ་སྩལ་བའི་སྐབས། མགོན་པོ་གང་ཉིད་མཆོག་གིས། ཉིན་རེར་བཞིན་དུ་གང་ཐུབ་ཀྱིས། བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བ་ཉམས་ལེན་བྱེད་ཀྱི་ཡོད་པས། ཆོས་གྲོགས་ཚོས་ཀྱང་འདི་ལྟར་ཉམས་ལེན་དང་དེའི་ཐོག་དགོངས་པ་བཞེས་དགོས་པ་བཀའ་གནང་ཞིང་། བོད་མི་ཚོར་མཚོན་ན། ཕྱོགས་གཅིག་ནི་མངོན་མཐོའི་ལུས་ལྡན་དང་མི་ལུས་རིན་ཆེན་ཐོབ་ཡོད་པ་དང་། གཉིས་ནི་བོད་གངས་ཅན་ལྗོངས་ཀྱི་མི་རིགས་སུ་སྐྱེས་ཡོད་པས། ཚང་མའི་སེམས་རྒྱུད་ལ་སེམས་པ་བཟོང་པོ་བྱེད་རྒྱུའི་གོམས་གཤིས་ཡོད་པས། མི་བཟང་པོ་ཞིག་ཡོང་བར་ཚང་མས་འབད་བརྩོད་གནང་དགོས་པ་བཀའ་གནང་སོང་།
གོང་ཚེས་ཉིན་གྱི་སྔ་དྲོ་ཕྱག་ཚོག་ ༨ པ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཆིབས་སྒྱུར་མཛད་དེ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་བདེ་བར་འཁོད་དེ། སྐྱེས་རབས་ཀྱི་གསུང་ཆོས་དངོས་སུ་དབུ་འཛུགས་མ་བསྐྱངས་གོང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་ལགས་ཀྱིས། མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་མགོན་པོ་གང་ཉིད་་གིས། མཆོགདད་ལྡན་སེར་སྐྱ་ཕོ་མོ་རྣམས་ལ་སྔོན་འགྲོའི་ཆོས་འབྲེལ་མཛད་དོན། སེམས་ཁམས་རིག་པ་དང་འབྲེལ་བའི་སྒོ་ནས་ནང་སེམས་ཞི་བདེ་སྒྲུབ་རྒྱུར། ནང་ཆོས་ནི་གཏིང་ཟབ་ཤོས་གྲས་ཡིན་པ་བཀའ་གནང་སོང་།
ཡང་སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བོད་ཀྱི་ཆོས་དང་རིག་གཞུང་ནི་འགྲོ་བ་སྤྱིའི་བདེ་རྩར་ཕན་པའི་འཛམ་བུ་གླིང་གི་སྤྱི་ནོར་ལྟ་བུའི་རིག་གཞུང་ཞིག་ཡིན་པ་མ་ཟད། བོད་བརྒྱུད་ནང་བསྟན་གྱི་བསླབ་བྱ་བཟང་པོ་དེ་དག་གིས། འགྲོ་བ་མིའི་སེམས་ཞི་ལྷོད་ཡོང་བར་དམིགས་བསལ་ཕན་ཐོགས་ཡོད་པ་བཀའ་གནང་ཞིང་། མགོན་པོ་གང་ཉིད་མཆོག་གིས། ཉམས་ལེན་གནང་རྒྱུ་གཙོ་བོ་ནི། གཞན་ཕན་གྱི་བློ་དང་བྱང་ཆུབ་ཀྱི་སེམས་གཉིས་ཡིན་པ་དང་། རང་གཞན་གཉིས་ཀྱི་དོན་བསྒྲུབ་པར་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱས་པ་ལས་ལྷག་པ་མེད་ཅེས་བཀའ་གནང་སོང་།
ཆོ་འཕྲུལ་སྨོན་ལམ་ནི་སྟོན་པ་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་བསྟན་ནས་མུ་སྟེགས་ཀྱི་སྟོན་པ་དྲུག་ཕམ་པར་མཛད་པ་ན་ཁྱིམ་བདག་དད་པ་ཅན་དག་གིས་མཆོད་པ་སོགས་ཀྱིས་དུས་སྟོན་སོགས་བྱས་པ་ལས་བྱུང་བ་ཞིག་ཡིན་ཞིང་། བོད་ལ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་མཆོག་གིས་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་ཆེན་དབུ་བཙུགས་མཛད་ནས་ད་ཆ་ལོ་ངོ་ ༦༠༠ ལྷག་ཕྱིན་ཡོད་པ་མ་ཟད། ལོ་ལྟར་བོད་ཟླ་དང་པོའི་ནང་ལོ་གསར་དགའ་སྟོན་རྗེས་སུ་བོད་མི་རྣམས་ཀྱིས་དུས་ཆེན་འདི་སྲུང་བརྩི་ཞུས་ཏེ། སྨོན་ལམ་བཏོན་པ་དང་། ཕྱག་འཚལ་བ། ཆོས་མཇལ་དང་གཞན་ཕན་བསྒྲུབས་པ་སོགས་རྣམ་དཀར་དགེ་སྦྱོར་གྱི་ལས་ལ་བརྩོན་གྱི་ཡོད་པ་རེད།
མདོར་ན་ཐེངས་འདིའི་ཆོ་འཕྲུལ་དུས་ཆེན་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་དང་། གཟུངས་སྔགས་ཡི་གེ་དྲུག་མའི་བཟླས་ལུང་། དེ་བཞིན་སྐྱེས་རབས་ཀྱི་ཆོས་འབྲེལ་སོགས་བསྩལ་བ་རླབས་ཆེན་གྱི་མཛད་འཕྲིན་ཁག་མུ་མཐུད་བསྐྱངས་དང་སྐྱོང་མུས་ཡིན་པ་རེད།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།