ནིའུ་ཛི་ལེནྜ་ལ་ཆོས་འབྲེལ་དབུ་འཛུགས།
2013.06.10
༄༅༎ཕྱི་ཟླ་ ༦ ཚེས་ ༨ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནིའུ་ཛི་ལེན་ཌིའི་Christchurchཞེས་པའི་གྲོང་ཁྱེར་གྱི་བཞུགས་གནས་མགྲོན་ཁང་དུ་ཞབས་སོར་འཁོད་སྐབས། ཁུལ་དེར་ཡོད་པའི་བོད་མི་ཚོས་ཕེབས་བསུ་གཟབ་རྒྱས་ཞུས་འདུག་པ་དང་། ཕྱི་ཚེས་ ༩འི་ སྔ་དྲོ་གོང་ས་མཆོག་གིས་ MindFood magazine ཞེས་པའི་བསམ་བློའི་གོ་རྟོགས་སྤེལ་མཁན་གྱི་དུས་དེབ་གསར་འགོད་པ་ལྕམ་Maari McCluskey ལགས་ཀྱིས་བཀའ་འདྲི་ཞུས་པ་ཁག་ལ་བཀའ་ལན་བསྩལ་བའི་ནང་། ཕྱི་དངོས་པོའི་ཡར་རྒྱས་ཁོ་ནས་ ནང་སེམས་ལ་ཞི་བདེ་སྐྲུན་མི་ཐུབ་པ་དང་། དེར་བརྟེན་ནང་གི་བསམ་བློར་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། དེ་དང་འབྲེལ་ནས་ཆོས་ལ་དོ་སྣང་བྱེད་མཁན་ཡང་མང་དུ་འགྲོ་བཞིན་ཡོད་ལུགས་བཀའ་གནང་འདུག
དེ་རྗེས་༧གོང་ས་མཆོག་ CBS Canterbury ཞེས་པའི་ཚོགས་ཁང་དུ་ཆིབས་སྒྱུར་བསྐྱངས་སྐབས་ནིའུ་ཛི་ལེན་ཌིའི་གདོད་མའི་མི་རིགས་ Maori ཞེས་པའི་སྲོལ་རྒྱུན་གྱི་ལམ་ནས་ཕེབས་བསུ་ཞུས་ཡོད་པ་དང༌། ཚོགས་ཁང་ནང་མི་གྲངས་ ༢༣༠༠ བརྒལ་བ་ཚང་མས་དགའ་བསུའི་ཐལ་མོ་བརྡབ་སྟེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད།
དེ་རྗེས་༧གོང་ས་མཆོག་གིས་བདེན་བཞིའི་ཆོས་འབྲེལ་དབུ་འཛུགས་མ་མཛད་གོང་བཀའ་སློབ་གནང་བའི་ནང་། དེང་སྐབས་འཛམ་གླིང་ནང་ཆོས་ལུགས་དང་རིག་གཞུང་འདྲ་མིན་མཉམ་གནས་བྱེད་པའི་སྤྱི་ཚོགས་ཤིག་ཆགས་ཡོད་པ་དང་། སྤྱིར་བཏང་རིག་གཞུང་གི་ཐོག་ནས་བརྗོད་ན་ནང་ཆོས་དེ་ནུབ་ཕྱོགས་པའི་ཆོས་ལུགས་ཤིག་མིན། འོན་ཀྱང་དེང་སྐབས་ནུབ་ཕྱོགས་སུ་ནང་ཆོས་ལྟ་གྲུབ་ལ་དོ་སྣང་བྱེད་མཁན་ཇེ་་མང་དུ་འགྲོ་བཞིན་ཡོད་ཅེས་སོགས་ཀྱི་བཀའ་སློབ་བསྩལ་རྗེས། བདེན་བཞིའི་ཆོས་འབྲེལ་དབུ་འཛུགས་གནང་ཡོད་པ་རེད།།