༧གོང་ས་མཆོག་གིས་ཇར་མན་ནང་མཛད་འཕྲིན་སྐྱོང་བཞིན་པ།
2014.08.23

༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཁ་སང་ཕྱི་ཚེས་ ༢༢ ཉིན་ཇར་མན་གྱི་གྲོང་ཁྱེར་ཧམ་སྦུརག་རུ་ཞབས་སོར་བདེ་བར་འཁོད་གནང་མཛད་ཅིང་། དེ་རིང་ཕྱི་ཚེས་ ༢༣ སྔ་ཐོག་མང་ཚོགས་ ༧༠༠༠ བརྒལ་བར་ཆོས་ལུགས་དང་མ་འབྲེལ་བའི་བླང་དོར་གྱི་ལྟ་གྲུབ་སྐོར་བཀའ་སློབ་གསུང་བཤད་བསྩལ་གནང་མཛད་པ་དང་། ཉིན་བརྒྱབ་ཇར་མན་གྱི་ཆུ་ཚོད་ ༡:༣༠ ནས་དབུ་བཙུགས་གནང་སྟེ་ཉིན་རེའི་མི་ཚེའི་ནང་ཆོས་ལུགས་དང་མ་འབྲེལ་བའི་བླང་དོར་ཉམས་ལེན་བྱ་ཕྱོགས་སྐོར་བཀའ་སློབ་གསུང་བཤད་བསྩལ་གནང་མཛད་མུས་ཡིན་པ་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་འཕྲད་བཞིན་པའི་དཀའ་ངལ་མང་ཆེ་བ་མིས་བཟོས་པ་ཡིན་སྟབས་དཀའ་ངལ་དེ་དག་སེལ་ཐབས་མིས་བྱེད་དགོས་པ་དང་། ཡང་མིས་བཟོས་པའི་དཀའ་ངལ་དེ་དག་ཀྱང་བྱམས་བརྩེ་དང་གཞན་ཕན་སྙིང་རྗེའི་བསམ་པས་ཕོངས་ཤིང་སེམས་བརྒྱུད་མ་དུལ་བའི་དབང་གིས་བྱུང་བ་ཤ་སྟག་ཡིན་སྟབས། མིའི་རང་ཆས་སུ་ཡོད་པའི་བྱམས་བརྩེ་དང་གཞན་ཕན་གྱི་བསམ་བློའི་རིན་ཐང་དེ་དག་གོང་འཕེལ་དུ་གཏང་སྟེ་རང་གཞན་བདེ་སྐྱིད་འབྱུང་བ་ཞིག་བཟོ་ཐབས་བྱེད་དགོས་སྐོར་བཀའ་གནང་ཡོད་པ་རེད། དེ་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གཞི་རྐང་ཆོས་ལུགས་ཆེ་ཁག་ཚང་མས་རིན་ཐང་དེ་དག་ཡར་རྒྱས་གཏོང་ཕྱོགས་ཀྱི་བསླབ་བྱ་གཅིག་མཚུངས་གནང་གི་ཡོད་ཀྱང་། ཆོས་ལུགས་བྱེ་བྲག་པ་གཅིག་ལས་བརྟེན་ནས་དམིགས་ཡུལ་དེ་འགྲུབ་ཐུབ་ཐབས་མེད་པ་དང་། ལྷག་པར་དུ་མིའི་བཟང་པོའི་ཡོན་ཏན་ཡར་རྒྱས་གཏོང་རྒྱུ་དེ་ནི་ཆོས་ལུགས་ཀྱི་གནད་དོན་ཙམ་མིན་པར་ཆོས་ཁས་ལེན་དང་མི་ལེན་མཁན་ཚང་མས་འགྲུབ་དགོས་པ་དང་འགྲུབ་ཐུབ་པ་ཞིག་ཡིན་སྟབས། ངེས་པར་ཆོས་ལུགས་བྱེ་བྲག་པ་ཞིག་ལ་བརྟེན་མི་དགོས་པའི་ཐོག་ནས་རིན་ཐང་དེ་དག་ཡར་རྒྱས་གཏོང་ཐབས་བྱེད་དགོས་སྐོར་བཀའ་གནང་ཡོད་པ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཧམ་སྦུརག་གྲོང་ཁྱེར་གྱི་མི་དམངས་ཚོས་དགའ་བསུ་ཆེན་པོ་ཞུ་བཞིན་འདུག་ལ། བཀའ་སློབ་གསུང་བཤད་དུ་བཅར་རྒྱུའི་ལག་འཁྱེར་ཊི་ཀ་སི་ཡོངས་རྫོགས་ཚོང་བསྒྱུར་ཟིན་ཏེ་དོན་གཉེར་ཅན་པའི་མི་ཧ་ཅང་མང་པོ་ཞིག་ལ་ལག་ ཊི་ཀ་སི་མ་ཐོབ་པའི་གནས་ཚུལ་བྱུང་འདུག།
ཞིབ་ཕྲ་འདི་གའི་ཡོ་རོབ་གསར་འགོད་པ་ཚེ་དབང་ནོར་བུ་ལགས་ཀྱིས་ས་གནས་ནས་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས་ལགས་སུ་ཐད་ཀར་ངོ་སྤྲོད་གནང་བར་གསན་རོགས་ཞུ༎
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།
གསར་འགོད་པ་ཚེ་དབང་ནོར་བུ།