མདོ་སྨད་རྔ་བ་རྫོང་ནང་དྲག་ཆར་གྱི་རྐྱེན་གྱིས་ལོ་རྒྱུས་ལྡན་པའི་ཀིརྟིའི་མ་དགོན་དང་པོ་ཀཱ་ལ་རིའི་བཀྲ་ཤིས་ལྷུན་གྲུབ་གླིང་ལ་གོད་ཆག་བྱུང་འདུག

ཕྱི་ལོ་ ༢༠༢༣ ཟླ་བ་ ༨ པའི་ཚེས་ ༡༦ ཉིན་གྱི་དགོང་མོའི་ཕྱག་ཚོད་༨ པ་ཙམ་ལ་བོད་མདོ་སྨད་རྔ་བ་རྫོང་ཁུལ་དུ་དྲག་ཆར་ཤུགས་ཆེར་བབ་པའི་རྐྱེན་གྱིས། རྫོང་དེའི་ནང་ཆགས་པའི་ལོ་རྒྱུས་རང་བཞིན་ལྡན་པའི་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་དང་པོའི་དགོན་པ་སྟེ། ཀིརྟིའི་མ་དགོན་ཀཱ་ལ་རིའི་བཀྲ་ཤིས་ལྷུན་གྲུབ་གླིང་ལ་གོད་ཆག་བྱུང་སྟེ། དགོན་པའི་གྲྭ་ཤག་དང་། ཉེ་ལམ་གསར་རྒྱགས་ཟིན་པའི་ཆོས་རཱ། དེ་བཞིན་དགོན་པའི་རྒྱུ་ནོར་སོགས་ལ་གཏོར་བཤིག་ཚབས་ཆེན་ཐེབས་འདུག
འདི་ཚེས་ ༡༧ ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ནས་བརྙན་པར་དང་བཅས་པའི་གནས་ཚུལ་འབྱོར་བའི་ནང་། ཀཱ་ལ་རིའི་དགོན་བཀྲ་ཤིས་ལྷུན་གྲུབ་གླིང་དང་དེའི་གྲྭ་ཤག་སོགས་ལ་གནོད་སྐྱོན་ཚབས་ཆེན་ཕོག་ཡོད་པ་མཐོང་རྒྱུ་འདུག་ལ། དགོན་པའི་ཁང་པ་ཞིག་གི་སྐེད་མཚམས་བར་ཆུས་ཁེངས་ཡོད་འདུག་པ་མ་ཟད། ཉེ་འཁོར་གྱི་ཅ་དངོས་སོགས་ལ་གཏོར་བཤིག་ཚབས་ཆེན་ཐེབས་འདུག དགོན་པ་དེ་དང་འབྲེལ་བ་ཡོད་པའི་བཙན་བྱོལ་དུ་གནས་བཞུགས་བོད་མི་ཞིག་གིས། ད་ལྟའི་ཆར་ས་གནས་བོད་མིའི་ཁྲོད་ཤི་རྨས་བྱུང་བའི་གནས་ཚུལ་རིགས་ཐོན་མེད་ཅིང་། དགོན་པ་དེ་ཉིད་ཀྱི་དགེ་འདུན་པ་ཚོས་ས་རུད་བྱུང་སར་རོགས་རམ་དང་གཡས་གཡོན་དུ་གཙང་བཟོ་བྱེད་མུས་ཡིན་ཞེས་དང་། འོན་ཀྱང་། རྒྱ་ནག་གཞུང་གི་རོགས་སྐྱོར་མི་སྣའི་རིགས་ད་བར་འབྱོར་མེད་པ་འགྲེལ་བརྗོད་གནང་སོང་།
ད་དུང་གནས་ཚུལ་མཁོ་སྒྲུབ་པ་བོད་མི་ཁོང་གིས་མུ་མཐུད་འགྲེལ་བརྗོད་གནང་བའི་ནང་། སྤྲིན་པ་གས་འཐོར་བྱུང་སྟེ། བྱུང་ལོག་དེ་བྱུང་ཡོད་པ་ས་གནས་བོད་མི་ཁག་ཅིག་གིས་ཚོད་དཔག་གནང་གི་འདུག རྒྱུ་མཚན་ནི། དུས་རྒྱུན་ལུང་པ་དེའི་ནང་ཆུ་བོ་ཆུང་ངུ་ཞིག་ལས་མེད་པས། ཆུ་ལོག་གི་གོད་ཆག་བྱུང་ཡོང་སྙམ་པའི་ཆུ་ཆེན་རིགས་དེ་འདྲ་མེད་ཅེས་དང་། འོན་ཀྱང་། ཉིན་འགའ་ཤས་གོང་ནས་རྔ་བ་རྫོང་སྤྱི་ཡོངས་ནང་། སེར་བ་དང་དྲག་ཆར་ཤུགས་ཆེན་བབ་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ད་རེས་ཆར་ཞོད་ཀྱི་གོད་ཆག་བྱུང་ཡུལ་དགོན་པ་དེ་ནི་ཀིརྟི་སྐུ་ཕྲེང་དང་པོ་རྗེ་ཙོང་ཁ་པའི་དངོས་སློབ་རོང་པོ་ལྗགས་ནག་པ་དགེ་འདུན་རྒྱལ་མཚན་གྱིས་དུས་རབས་ ༡༥ ཡི་ནང་ཕྱག་བཏབ་པའི་དགོན་པ་ཞིག་ཡིན་ཞིང་། རྗེས་སུ་ཀིརྟི་སྐུ་ཕྲེང་གཉིས་པ་འགྲོ་མགོན་བསྟན་པ་རིན་ཆེན་གྱིས། དགོན་པ་དེའི་ནང་བྱམས་སྐུ་བཞུགས་པའི་ལྷ་ཁང་བཞེངས་ཏེ། རིམ་པའི་ཀིརྟི་སྐུ་ཕྲེང་རིམ་བྱོན་རྣམས་ཀྱིས་ལྷ་ཁང་མང་པོ་གསར་བཞེངས་མཛད་འདུག་ཅིང་། ཀིརྟི་སྐུ་ཕྲེང་དང་པོའི་སྐབས་དགོན་པ་དེར་གྲྭ་པ་སུམ་ཅུ་ཙམ་ཡོད་པ་ལོ་རྒྱུས་སྟེང་གསལ་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།