མདོ་ལྷོ་རྨ་ཆུའི་གེ་སར་རྟ་རྒྱུག་དང་དམག་གི་དམ་དྲག
2014.08.19
དམག་མི་མང་བའི་མདོ་ལྷོ་རྨ་ཆུའི་གེ་སར་རྟ་རྒྱུག་འགྲན་ཚོགས་ནི་བལྟས་བ་ཙམ་གྱིས་ཧ་ལམ་གཡུལ་ས་འདྲ་བ་ཞིག་འདུག་ཟེར།
དེ་ཡང་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་འབྱོར་དོན་ལྟར་ན། ཉིན་ཤས་གོང་ཚུགས་པའི་གེ་སར་རྟ་རྒྱུག་འགྲན་ཚོགས་ནི་ཚོགས་ཐེངས་བརྒྱད་པ་དེ་ཡིན་འདུག་ཅིང་། ས་གནས་རྒྱ་མིའི་འབྲེལ་ཡོད་ཚན་པས་རྟ་རྒྱུག་འགྲན་ཚོགས་སྐབས་ངོ་རྒོལ་འདུ་འཛོམས་ཀྱི་ལས་འགུལ་རིགས་སྤེལ་མི་ཆོག་པ་དང་། མེ་སྤོར་བྱེད་ཀྱི་དངོས་རྫས་དང་དེ་མིན་གྱི་ཉེན་ཁ་བཟོ་བའི་ཅ་དངོས་རྟ་རྒྱུག་ཐང་ཆེན་གྱི་རྭ་བའི་ནང་འཁྱེར་མི་ཆོག་པ་སོགས་གསལ་བསྒྲགས་བྱས་འདུག བོད་ནས་གནས་ཚུལ་མཁོ་སྤྲོད་པ་དེས་རྨ་ཆུ་རྫོང་དང་དེའི་ཉེ་འགྲམ་གྱི་རྟ་རྒྱུག་འགྲན་ཚོགས་བྱ་སའི་ཐང་ཆེན་བཅས་སུ་དམག་མི་ཧ་ཅང་མང་པོ་འགྲེམས་འཇོགས་བྱས་པའི་རྐྱེན་གྱིས་རྟ་རྒྱུག་ཐང་ཆེན་དེ་ནི་ཧ་ལམ་གཡུལ་ས་འདྲ་བ་ཞིག་བཟོས་སོང་བ་འགྲེལ་བརྗོད་བྱས་པ་དང་། དམག་མི་དེ་ཙམ་མང་པོ་འགྲེམས་འཇོག་བྱས་པའི་དགོས་དོན་ནི་ཆབ་སྲིད་ཀྱི་ཟིང་ཆ་མི་ཡོང་ཆེད་ཡིན་པའི་ཚོད་དཔག་ཀྱང་གནང་གི་འདུག
ཡང་གནས་ཚུལ་ཐོན་གསལ་ཞིག་གི་ནང་ཕྱི་ཟླ་༨ཚེས་ ༡༧ཉིན་གེ་སར་གླིང་གི་རྟ་རྒྱུག་འགྲན་ཚོགས་ཀྱི་མཇུག་བསྡོམས་ཀྱི་མཛད་སྒོའི་སྐབས་བོད་མི་ཞིག་གིས་མང་ཚོགས་ཁྲི་ཚོ་བརྒལ་བ་འདུ་འཛོམས་སར་རྒྱང་བསྒྲགས་ཀྱི་ཐོག་ནས་བོད་ནི་འཛམ་གླིང་ཞི་བདེ་ཡོང་བར་སྨོན་མཁན་ཡིན་པ་དང་། དེའི་ཆེད་བོད་མི་ནང་ཁུལ་མཐུན་ལམ་གྱི་ཐོག་མི་རིགས་ཀྱི་ཚེ་སྲོག་སྐད་དང་ཡི་གེར་གཅེས་སྲུང་དགོས་པ་བརྗོད་པར་མང་ཚོགས་ནས་དགའ་བསུའི་ཐལ་མོ་བརྡབ་པ་དང་རྒྱབ་སྐྱོར་གྱི་རྣམ་པས་ཀི་འབོད་སོགས་བྱས་འདུག
རྟ་རྒྱུག་འགྲན་ཚོགས་འདི་བཞིན་ཕྱི་ལོ་༢༠༠༤ ལོ་ནས་འགོ་བཙུགས་བྱས་པ་ཞིག་ཡིན་འདུག་པ་དང་། འགྲན་ཚོགས་འདིའི་ནང་ཀན་སུའུ་དང་། མཚོ་སྔོན། སི་ཁྲོན་སོགས་ཉེ་འཁོར་གྱི་ཞིང་ཆེན་དང་ཁུལ། རྫོང་དང་གྲོང་ཁྱེར་ ༢༥ ལྷག་ནས་རྟ་རྒྱུག་པ་མཉམ་ཞུགས་བྱེད་ཀྱི་ཡོད་འདུག་པར་མ་ཟད། བོད་རང་སྐྱོང་ལྗོངས་ཁུལ་གྱི་ས་གནས་དང་ནང་སོག་བཅས་ནས་ཀྱང་རྟ་རྒྱུག་འགྲན་ཚོགས་དེའི་ནང་མཉམ་ཞུགས་བྱེད་མཁན་ཡོད་འདུག
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས་དང་ཀླུ་འབུམ།