བོད་དོན་ཉན་ཞིབ།
2013.06.06

༄༅༎ཕྱི་ཟླ་༦ཚེས་༥རེས་གཟའ་ལྷག་པའི་ཉིན་ཨ་མེ་རི་ཀའི་གྲོས་ཚོགས་འོག་མའི་ཊོམ་ལེན་ཊོས་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིན་ཨ་རིའི་ནང་འཚམས་གཟིགས་སུ་ཕེབས་པ་དང་བསྟུན། བོད་ནང་བོད་མི་ཚོའི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་འོག་བོད་མི་མང་པོས་རང་ལུས་མེར་སྲེག་གཏོང་དགོས་པ་སོགས་ཀྱི་སྐོར་དམིགས་བསལ་ཉན་ཞིབ་ཅིག་བསྐོང་གནང་ཡོད་པ་རེད། སྐབས་དེར་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པའི་འགན་འཛིན་ལྕམ་ Sophie Richardsonམཆོག་གིས་དེང་སྐབས་བོད་ནང་དམ་བསྒྲགས་ཆེ་རུ་ཕྱིན་ཡོད་པ་དང། བོད་ནང་གི་བོད་མིར་གནད་དོན་ཆུང་ཙག་ལ་དམིགས་ནས་ཁྲིམས་ཐག་ལྗིད་པོ་སྐྱེལ་གྱི་ཡོད་སྐོར་སོགས་གསུངས་པ་དང་འབྲེལ། ཨ་རིའི་སྲིད་འཛིན་མཆོག་ནས་Israel ལ་ Philistine གྱི་མངོན་འདོད་ལ་གཟིགས་ཞིབ་དགོས་པའི་འབོད་བསྐུལ་ཞུས་ཐུབ་ཀྱི་ཡོད་ན། ད་རེས་ཀྱི་བདུན་ཕྲག་དེའི་ནང་ཨ་རིའི་སྲིད་འཛིན་ནས་རྒྱ་ནག་གི་སྲིད་འཛིན་དང་མཇལ་མོལ་གནང་སྐབས། སྲིད་འཛིན་ཞི་ནས་བོད་མིའི་མངོན་འདོད་ལ་གཟིགས་ཞིབ་དགོས་པའི་འབོད་བསྐུལ་གནང་རོགས་ཞེས་དགོས་འདུན་བཏོན་གནང་སོང་།
ཉན་ཞིབ་དེའི་ཐོག་ཕེབས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དམིགས་བསལ་ལས་འཆར་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་ནས་ཨ་རི་དང་རྒྱ་ནག་གི་སྲིད་འཛིན་གཉིས་རིང་མིན་མཇལ་མོལ་གནང་གི་ཡོད་པ་དང་བསྟུན། འབོད་བསྐུལ་དོན་ཚན་བཞི་ཞུས་གནང་སོང་། དེ་ཡང་གཙོ་བོ་བོད་ཀྱི་གནད་དོན་ཐོག་ཨ་རིའི་གཞི་རྩའི་བཞེངས་ཕྱོགས་འདི་འགྱུར་བ་ཕྱིན་མེད་པ་དེ་བསྐྱར་ཟློས་གནང་དགོས་པ་དང་། བོད་ནང་གི་ཛ་དྲག་གི་གནས་སྟངས་དེའི་བྱུང་རྐྱེན་གང་ཡིན་མིན་ཐད་རྒྱ་ནག་གཞུང་ནས་ལྟ་ཞིབ་བྱ་རྒྱུར་བསྐུལ་མ་གནང་དགོས་པ། བོད་ནང་གི་ཛ་དྲག་གི་གནས་སྟངས་སེལ་ཐབས་སུ་རྒྱ་གཞུང་ནས་བཟང་ཕྱོགས་ཀྱི་འགྱུར་བ་མ་ཡིན་པར་གདུག་རྩུབ་ཀྱི་ཆེ་རུ་གཏོང་བཞིན་པ་དེ་མཚམས་འཇོག་ཡོང་ཐབས་གནང་དགོས་པ་། དེ་བཞིན་རྒྱ་ནག་གི་གཞུང་འབྲེལ་དཔོན་རིགས་དང་གསར་འགོད་པ་ཨ་རིའི་ནང་རང་དབང་གི་ཐོག་ནས་སླེབས་བཅུག་གི་ཡོད་པ་བཞིན། རྒྱ་ནག་གཞུང་ནས་ནས་དེ་ལྟར་བྱེད་དགོས་པའི་ཐོག གང་ལྟར་གཅིག་ལན་གཅིག་མཇལ་དགོས་པའི་སྲིད་བྱུས་ཞིག་དགོས་ཀྱི་ཡོད་པའི་དགོས་འདུན་བཏོན་ཡོད་པ་རེད།
ཡང་ཁ་སང་རེས་གཟའ་ལྷག་པའི་ཉིན་གྱི་ཉན་ཞིབ་དེའི་སྐབས་ད་དུང་། བོད་བསྟན་སྲིད་ཆེད་རང་སྲེག་གནང་མཁན་རྒྱལ་གཅེས་པ་ཚེ་རིང་བཀྲིས་ལགས་ཀྱི་ཚ་བོ་ཨ་རིར་གནས་བཞུགས་ཚེ་རིང་སྐྱིད་ལགས་ནས་བོད་ནང་ད་བར་བོད་མི་༡༡༨ནས་རང་སྲེག་གནང་ཡོད་པ་དེ་དག་གི་དགོས་འདུན་གཙོ་བོ་དེ་༧གོང་ས་མཆོག་བོད་ནང་གདན་ཞུ་དགོས་གསུངས་ཡག་དེ་ཡིན་སྐོར་གསུངས་ཡོད་པ་རེད། ཚེ་རིང་སྐྱིད་ལགས་ཀྱིས་ད་དུང་། ཁོང་རང་གི་ཚ་བོ་དཔེ་མཚོན་དུ་བཞག་ནས་བོད་ནང་གི་བོད་མི་རྣམས་ནས་རང་སྲེག་གནང་དགོས་པ་དེ་ནང་མིའི་དབར་མ་མཐུན་པ་དང་། སེམས་ཁམས་བདེ་པོ་མེད་པ་སོགས་ལ་བརྟེན་ནས་མ་ཡིན་པར་བོད་ནང་རང་དབང་མེད་པ་དང་། རྒྱ་ནག་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་བཟོད་མ་ཐུབ་ནས་རང་སྲེག་གནང་གི་ཡོད་སྐོར་གསལ་འདོན་གནང་ཡོད་པ་རེད།།