བོད་རྔ་པ་ཀིརྟི་དགོན་པའི་དབུ་བླའི་རེ་འདུན།
2011.04.14
༄༅༎ཀིརྟི་དགོན་པའི་དབུ་བླ་བློ་བཟང་བསྟན་འཛིན་འཇིགས་མེད་རྒྱ་མཚོ་མཆོག་གིས་རྔ་པ་རང་སྐྱོང་ཁུལ་དང་དེར་གནས་སྡོད་སེར་སྐྱ་མི་མང་རྣམས་ནས་བཟོད་སྒོམ་དགོས་པའི་རེ་འདུན་གནང་བཞག་༎
བོད་མདོ་སྨད་རྔ་པ་ཁུལ་དུ་རྒྱ་ནག་གཞུང་གིས་ས་གནས་བོད་མི་སེར་སྐྱ་མང་ཚོགས་དང་ལྷག་པར་དུ་རྔ་པ་ཀིརྟི་དགོན་པར་དམ་བསྒྲགས་དང་དྲག་གནོན་གྱི་གནས་སྟངས་ཇེ་ཆེར་འགྲོ་བཞིན་པའི་སྐབས་ཁ་ས་ཚེས་༡༣ཉིན་ཀིརྟི་དགོན་པའི་དབུ་བླ་བློ་བཟང་འཛིན་འཇིགས་མེད་རྒྱ་མཚོ་མཆོག་གིས་རྔ་པ་རང་སྐྱོང་ཁུལ་གྱི་གྲ་བཙུན་སྤྱི་དང་ལྷག་པར་རྔ་པ་རྫོང་གི་སེར་སྐྱ་མི་མང་རྣམས་ལ་གསོལ་འདེབས་ཀྱི་འབོད་སྐུལ་ཕྱག་བྲིས་ཤིག་ཡོངས་ཁྱབ་དུ་སྕལ་ཡོད་པ་རེད་
ཕྱག་བྲིས་དེའི་ནང་འཁོད་དོན་དེ་ཕྱོགས་སུ་ཛ་དྲག་གི་དོན་རྐྱེན་བྱུང་བར་བློ་འཚབ་ཚད་མེད་དང་འབྲེལ་ཤི་རྨས་སོང་བའི་ནང་མི་སྤུན་མཆེད་དང་བཅས་པར་ཐུགས་གསོའི་འཚམས་འདྲི་དང་ གཤིན་པོ་རྣམས་སླར་ཡང་དལ་འབྱོར་གྱི་མི་ལུས་བཟང་པོ་ཐོབ་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེར་མཇལ་བ་ རྨས་མ་རྣམས་ཀྱི་ནད་གཞི་མྱུར་དྭངས་ བཙོན་པ་རྣམས་ཁྲིམས་མུན་ལས་མྱུར་དུ་ཐར་བ་ སེར་སྐྱ་མི་མང་བྱིངས་རྣམས་འཇིགས་སྐྲགས་གི་སྡུག་བསྔལ་དྲག་པོ་འདི་ལས་མྱུར་དུ་ཐར་བའི་གསོལ་འདེབས་འཕྲིན་བསྐུལ་ཞུ་རྒྱུ་ཞེས་བཀོད་གནང་བཞག ཡང་ ཆབས་ཅིག་རིན་པོ་མཆོག་གིས་ཕྱག་བྲིས་དེའི་ཐོག་རེ་འདུན་ཞུས་པར་ད་ལམ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམས་དང་ ལྷག་པར་སི་ཁྲོན་ཞིང་ཆེན་རྔ་པ་རང་སྐྱོང་ཁུལ་ རྔ་པ་རྫོང་བཅས་ཀྱི་འབྲེལ་ཡོད་ལས་བྱེད་རྣམས་ལ་དེ་ཕྱོགས་སུ་འཇིགས་བསྐུལ་དྲག་གནོན་དང་གཡོ་ཐབས་བསུན་བཙིར་གང་བྱུང་བྱེད་བཞིན་པ་འདི་དག་མྱུར་དུ་མཚམས་འཇོག་དགོས་པའི་རེ་འདུན་འདི་ནས་ཞུས་ཞེས་འབོད་སྐུལ་དང་ ཕྱོགས་མཚུངས་འབྲེལ་ཡོད་སེར་སྐྱ་མི་མང་རྣམས་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་བས་རྒྱ་དམག་དང་གདོང་ཐུག་གིས་དྲག་གནོན་ཡོང་དང་ཡོང་བཞིན་པ་འདི་ནི་བཟོད་ཐབས་མེད་པ་ཞིག་ཡིན་ནའང་སྡུག་ཐོག་སྡུག་བརྩེགས་ཡིན་པར་ དགོངས་པ་ཆེ་བཞེས་ཀྱིས་ལས་དོན་གང་བྱས་པ་ཐམས་ཅད་འཚེ་མེད་ཞི་བའི་རྒྱ་ལས་མ་བརྒལ་བ་དང། ཡང་བསྐྱར་རྒྱ་དམག་དང་གདོང་ཐུག་དྲག་པོས་ཤི་རྨས་སླར་ཡང་མི་འབྱུང་བའི་ཐབས་སུ་རང་ངོས་ནས་བཟོད་སྒོམ་གྱིས་ཞི་འཇམ་དུ་འགྲོ་བའི་ཐབས་ལམ་ཞིག་མང་ཚོགས་ནས་བསྟེན་གང་ཐུབ་གནང་དགོས་པའི་རེ་འདུན་ནན་པོ་ཞུ་བཞིན་ཡོད་ཅེས་གསུང་གནང་འདུག་༎