གློག་བརྙན་འཁྲབ་སྟོན་པ་ཞིག་གི་གནམ་གྲུ་རྡབ་སྐྱོན་བྱུང་བ།
2015.03.06
སྙན་གྲགས་ཆེ་བའི་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་Harrison Fordགནམ་གྲུ་རྡབ་སྐྱོན་བྱུང་འདུག
དེ་ཡང་གནས་ཚུལ་ལྟར་ན། དགུང་ལོ་༧༢ཡིན་པའི་གློག་བརྙན་འཁྲབ་སྟོན་པ་Harrison Fordལགས་དུས་རྒྱུན་གནམ་གྲུ་གཏོང་རྒྱུར་དགའ་བོ་ཡོད་པ་བཞིན། གནམ་གྲུའི་ཁ་ལོ་བའི་ལག་འཁྱེར་བཞེས་པའི་ཐོག་ཁོང་སྒེར་གྱི་གནམ་གྲུ་ཡང་སེ་གཏོང་བ་མ་ཟད། ཁ་ལོ་བ་བརྟན་པོ་ཞིག་ཡིན་འདུག་ཀྱང་ཚེས༥རེས་གཟའ་ཕུར་བུའི་ཉིན། ཁོང་སྒེར་གྱི་གནམ་གྲུ་༡༩༤༢ལོའི་རྙིང་བཟོ་ཅན་ཤོང་ཚད་མི་གཉིས་བྱས་པའི་གནམ་གྲུ་ཆུང་ཆུང་དེ་ཨ་རིའི་གྲོང་ཁྱེར་Los Angelesགནམ་ཐང་ནས་འཕུར་བསྐྱོད་བྱས་སྟེ་དུས་ཡུན་རིང་བོ་མ་སོང་བར། གནམ་གྲུའི་འཕྲུལ་འཁོར་ལ་གློ་བུར་སྐྱོན་བྱུང་སྟབས་Santa Monicaགྲོང་ཁྱེར་གྱི་Golf རྩེད་ཐང་དུ་ རང་འགུལ་ཛ་དྲག་བབས་དགོས་བྱུང་འདུག སྐབས་དེར་གནམ་གྲུ་རྡབ་སྐྱོན་བྱུང་ནས་ཁོང་རང་ཉིད་ལ་སྨན་སྐྱོན་བྱུང་འདུག Los Angelesམེ་གསོད་རུ་ཁག་གི་འགོ་འཛིན་Patrick Bulterཡིས་གསུངས་ན། Harrison Fordད་ལྟའི་ཆར་སྨན་ཁང་ནང་སྨན་བཅོས་བྱེད་བཞིན་ཡོད་པ་དང་། སྤྱིར་གནམ་གྲུར་རྡབ་སྐྱོན་ཆེན་པོ་བྱུང་ཡོད་ཀྱང་ཁོང་རང་ཉིད་ལ་རྨས་སྐྱོན་ཕྲན་བུ་ཕོག་པ་ལས་གཞན་སྲོག་སྐྱོན་གྱི་ཉེན་ཁ་གང་ཡང་མེད་པ་གསུངས་འདུག
ཨ་རིའི་ནང་གྲགས་ཆེ་བའི་གློག་བརྙན་འཁྲབ་སྟོན་པ་Richard Gereདང་། Goldie Hawn Sharon Stoneལ་སོགས་པས་བོད་དོན་ལ་རྒྱབ་སྐྱོར་བྱས་པའི་རྐྱེན་གྱིས་དེ་སྔ་རྒྱ་ནག་གཞུང་གིས་ཁོང་རྣམས་བོད་ནང་བསྐྱོད་རྒྱུར་བཀག་བསྡོམས་བྱས་ཡོད་པ་བཞིན་སྐུ་ཞབས་Harrison Fordལགས་ནས་དེ་སྔ་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་བོད་ཀྱི་གནད་དོན་སྐོར་བཀའ་མོལ་གནང་པའི་རྗེས། རྒྱ་ནག་གཞུང་གིས་ཁོང་ཡང་བོད་ནང་བསྐྱོད་རྒྱུར་བཀག་བསྡོམས་བྱས་ཡོད་པ་རེད། སྐུ་ཞབས་Harrison Ford ནི་ཨ་རིའི་གློག་བརྙན་འཁྲབ་སྟོན་པའི་ཁོངས་ནས་མང་ཚོགས་ཁྲོད་དགའ་མོས་དང་མཚན་སྙན་ཆེ་ཤོས་གྲས་ཞིག་ཡིན་པ་རེད་ལ་འཛམ་གླིང་ཐོག་ཡོངས་གྲགས་ཆེ་བའི་ཁོང་གི་གློག་བརྙན་གྲས་སུ་Raiders of the Lost Arkཞེས་པའི་གློག་བརྙན་ཁག་རིམ་པ་གསུམ་དང་། Star Wars ཅེས་པའི་གློག་བརྙན་རིམ་པ་བཏོན་ཡོད་པ་རེད།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།