རྒྱ་ནག་གི་སྟོབས་ཤུགས་འདི་འབྱུང་འགྱུར་ལོ་བརྒྱའི་རིང་འཛམ་གླིང་ནང་རྒྱ་སྐྱེད་གཏོང་ཐབས་ཐད་ཐག་གཅོད་བྱེད་པ།

2021.11.11
རྒྱ་ནག་གི་སྟོབས་ཤུགས་འདི་འབྱུང་འགྱུར་ལོ་བརྒྱའི་རིང་འཛམ་གླིང་ནང་རྒྱ་སྐྱེད་གཏོང་ཐབས་ཐད་ཐག་གཅོད་བྱེད་པ། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན།
ཨེ་ཨེཕ་པི།

རྒྱ་ནག་རྒྱལ་ས་པེ་ཅིན་དུ་ཚོགས་པའི་ཉིན་བཞིའི་རྒྱ་ནག་དམར་ཤོག་འགོ་ཁྲིད་ཚང་འཛོམས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ པའི་ཐོག་དམར་ཤོག་ཚོགས་པའི་ལོ་རྒྱུས་ཀྱི་གྲོས་ཆོད་ ༣ པ་གཏན་འབེབས་བྱས་ཏེ། རྒྱ་ནག་གི་སྟོབས་ཤུགས་འདི་མ་འོངས་ལོ་བརྒྱའི་ནང་འཛམ་གླིང་ནང་རྒྱ་སྐྱེད་གཏོང་ཐབས་ཐད་ཐག་གཅོད་བྱུང་ཡོད་པ་དང་། གནད་དོན་དབྱེ་ཞིབ་པ་ཚོས་བོད་ནང་དུ་ཞི་ཅིན་ཕིང་གིས་དངོས་སུ་སྒྱུར་བཅོས་བྱ་རྩིས་ཡོད་ན་ནུས་པ་ལྡན་པའི་དུས་སྐབས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ནའང་། ལས་འགུལ་བ་ཚོས་བོད་ནང་དྲག་གནོན་གྱི་གནས་བབ་སྡུག་ཏུ་འགྲོ་སྲིད་པའི་ཉེན་ཁར་རྩིས་བཞིན་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།  
ཕྱི་ཟླ་ ༡༡ ཚེས་ ༨ ནས་ ༡༡ བར་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་ ༡༩ པའི་འགོ་ཁྲིད་ཚང་འཛོམས་ཀྱི་གྲོས་ཚོགས་ཐེངས་ ༦ པ་འདི་བཞིན་ཚོགས་པའི་ཐོག་ནས་དམར་ཤོག་ཚོགས་པ་བཅུགས་ནས་ལོ་ ༡༠༠ འཁོར་བའི་ལས་དོན་གྱི་གྲུབ་འབྲས་དང་ཉམས་མྱོང་ལ་ཕྱོགས་བསྡོམས་གྱི་གྲོས་ཆོད་འཇོག་པ་དང་། ༢༠༢༢ ལོར་སྐབས་ ༢༠ པའི་དམར་ཤོག་འགོ་ཁྲིད་འཕོ་འགྱུར་བྱུང་མཚམས་ཀྱི་ཚོགས་འདུའི་གྲོས་གཞི་གཏན་འབེབས་གནང་པའི་ཚོགས་འདུ་ཞིག་ཚོགས་ཡོད་པ་རེད།
འདས་པའི་རྒྱ་ནག་གི་རྩ་ཁྲིམས་ནང་སྲིད་འཛིན་ལས་ཡུན་གཉིས་ལས་ལྷག་བྱེད་མི་ཆོག་པ་ཟེར་བ་འདི་བཅོས་བསྒྱུར་ཟིན་པ་དང་།  ཉེ་བའི་ལོ་ཤས་ནང་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་འཕོ་འགྱུར་བཏང་སྟངས་བཅས་ལ་གཞིགས་ན། སྲིད་འཛིན་ཞི་ཅིན་ཕིང་གི་སྲིད་འཛིན་གྱི་ལས་དུས་གསུམ་པ་མུ་མཐུད་འཛིན་རྒྱུའི་དམིགས་སྒོ་ཆ་ཚང་སྐྲུན་ཟིན་པར་གནད་དོན་དབྱེ་ཞིབ་པ་ཚོས་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།
ཨ་རིའི་ནིའུ་ཡོག་ཏུ་གནས་བཞུགས་བོད་དང་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་ཀྱིས་མ་འོངས་ལོ་ལྔ་དྲུག་རིང་ལ་བོད་ཀྱི་གནད་དོན་ཐོག་བཟང་ངན་གྱི་ལྟ་ཕྱོགས་འཛིན་རྒྱུར་ཞི་ཅིན་ཕིང་ལ་བསམ་བློའི་གཏིང་ལ་འཆར་སྣང་གཅིག་ཡོད་ན་འདས་ལོ་བཅུའི་ལས་དོན་ལས་ནུས་པ་ཆེ་བ་འདོན་རྒྱུའི་འོས་བབ་ཅིག་ལྡན་གྱི་ཡོད་པར་ངོས་འཛིན་གནང་གི་འདུག
འདས་པའི་རྒྱ་ནག་དམར་ཤོག་གི་ལོ་རྒྱུས་ནང་།  ཕྱི་ལོ་ ༡༩༤༥ ལོར་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ནང་ཁུལ་འཐབ་རྩོད་ཡོད་པ་གཙང་སེལ་གྱི་མའོའི་དབང་ཆ་སྲ་བརྟན་བཙུགས་པ་ནི་དམར་ཤོག་གི་ལོ་རྒྱུས་ཀྱི་ཟིན་ཐོར་འཁོད་པའི་གྲོས་ཆོད་དང་པོ་དང་།  ཕྱི་ལོ་ ༡༩༨༡ ལོར་ཏིང་ཞའོ་ཕིང་གིས་རིག་གནས་གསར་བརྗེའི་བྱེད་ཕྱོགས་འདི་ནོར་འཕྲུལ་དུ་ངོས་འཛིན་བྱས་ཏེ་བསྒྱུར་བཅོས་སྒོ་དབྱེ་ཞེས་རྒྱ་ནག་དཔལ་འབྱོར་འཛུགས་སྐྲུན་གྱི་ལམ་བུར་འཁྲིད་པ་ནི་ལོ་རྒྱུས་ཀྱི་གྲོས་ཆོད་གཉིས་པ་དེ་ཆགས་ཡོད་ཅིང་། ད་རེས་ལོ་རྒྱུས་ཀྱི་གྲོས་ཆོད་གསུམ་པ་གཏན་འབེབས་བྱས་པའི་ནང་། འདས་པའི་འགོ་ཁྲིད་དེ་དག་ལ་དམིགས་བཀར་སྐྱོན་གནད་ཐེར་འདོན་རིགས་གང་ཡང་བྱེད་མེད་ཀྱང་།  རྒྱ་ནག་འདི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་ཆོས་ལྡན་པའི་རྒྱ་ནག་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་བརྗོད་དེ།  ཞི་ཅིན་ཕིང་ནི་འདིའི་འགོ་ཁྲིད་དང་དམར་ཤོག་ཚོགས་པའི་སྲོག་རྩ་ཡིན་པར་ངོས་འཛིན་བྱས་ཡོད་པ་རེད།
ཀུན་དགའ་བཀྲ་ཤིས་ལགས་ཀྱིས་གསུངས་དོན། འཛམ་གླིང་ནང་རྒྱ་ནག་གིས་རྒྱ་སྐྱེད་ཀྱི་དབང་ཆ་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་དང་། བྱ་ཐབས་འདིར་ནུས་པ་ཐོན་རྒྱུ་ཡིན་པའི་ཚོད་དཔག་བྱས་ཡོད་ཀྱང་། ད་ལྟའི་ཆར་རྒྱ་ནག་གི་རྒྱ་སྐྱེད་ལས་འགུལ་ལ་འཛམ་གླིང་ཡོང་རྫོགས་ཀྱིས་དོ་སྣང་བྱེད་གཞིར་གྱུར་ཡོད་སྟབས།  རྒྱ་ནག་དམར་ཤོག་གི་འཆར་གཞི་འདི་དག་བསྒྲུབ་དཀའ་བའི་གནས་སུ་གྱུར་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
ཨ་རིའི་སྦོསི་ཊོན་དུ་བཅའ་བཞུགས་བོད་གནས་ཉམས་ཞིབ་པ་འཇམ་དཔལ་སྨོན་ལམ་ལགས་ཀྱིས་ཞི་ཅིན་ཕིང་གིས་སྲིད་འཛིན་གྱི་གོ་གནས་མུ་མཐུད་འཛིན་ན།  བོད་ཐོག་འཛིན་པའི་ལྟ་ཕྱོགས་དང་སྲིད་བྱུས་མཁྲེགས་སུ་འགྲོ་རྒྱུ་དང་། རྒྱ་ནག་རང་ཉིད་ཀྱི་ཁེ་ཕན་གཙོ་བཟུང་གིས་བོད་ས་འདི་སྲ་བརྟན་བཟོ་རྒྱུའི་ཆེད་ས་གནས་བོད་མི་ཚོར་དྲག་གནོན་གང་དགོས་ལག་བསྟར་བྱེད་བཞིན་ཡོད་པ་ཐབས་བྱུས་ཀྱི་བྱ་ཐབས་འདི་མུ་མཐུད་འཛིན་རྒྱུ་ལས་བོད་མིའི་བདེ་སྡུག་ལ་བསམ་གཞིགས་བྱེད་པའི་རེད་བ་དེ་ཙམ་མེད་ཅེས་གསུངས་བྱུང་།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་དྲུང་ཆེ་བསོད་ནམས་ཚེ་རིང་ལགས་ཀྱིས་འདས་པའི་ཞི་ཅིན་ཕིང་གིས་བོད་མིའི་ཐོག་འཛིན་པའི་སྲིད་བྱུས་ཐོག་ནས་མ་འོངས་ཁ་ཕྱོགས་ཐད་འདི་ག་རླུང་འཕྲིན་ཁང་ལ་དགོངས་ཚུལ་གསུངས་སྐབས།  བོད་མིའི་ངོ་བོ་རྩ་བརླག་འགྲོ་བའི་སྲིད་བྱུས་འདི་ཤུགས་ཆེ་རུ་གཏོང་ཉེན་ཡོད་པ་ཐུགས་ཚབས་དང་འབྲེལ་ནས་གསུངས་བྱུང་།

བསོད་ནམས་ཚེ་རིང་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་ཆོས་བྱེད་མི་སྣའི་གྲངས་འབོར་ལ་ཚོད་འཛིན་དང་། སྐད་གཉིས་སློབ་གསོའི་ལམ་ལུགས་མེད་པར་བཟོས་ཏེ། མི་རིགས་རྩ་མེད་བཟོ་བའི་སྲིད་བྱུས་ཤུགས་དྲག་ལག་བསྟར་བྱེད་བཞིན་པ། བོད་མི་བཙོན་འཇུག་བྱེད་པ་དང་འཛིན་བཟུང་མནར་གཅོད་གཏོང་བའི་གྲངས་འབོར་ཇེ་མང་འགྱུར་བཞིན་ཡོད་པ་བཅས་ལུང་འདྲེན་གནང་གི་འདུག
༡༩༩༡ ལོར་ཨུ་རུ་སུ་དམར་པོའི་རྒྱལ་ཁབ་འདི་དུམ་བུར་ཁ་འཐོར་སོང་བའི་རྗེས།  རྒྱ་ནག་དམར་ཤོག་གི་རྒྱལ་ཁབ་འདི་ཡང་འདི་ལྟར་གནས་བབ་གཅིག་འགྱུར་ཡོང་ཉེན་ཡོད་པ་ཉམས་ཞིབ་པ་ཚོས་ཚོད་དཔག་བྱས་ཡོད་ཀྱང་། ད་བར་དམར་ཤོག་འགོ་ཁྲིད་ཚོས་ཨུ་རུ་སུའི་ཁ་འཐོར་སོང་སྟངས་ཀྱི་སྐྱོན་གནད་ལས་བསླབ་བྱ་བླངས་སྟེ་ད་བར་ཆབ་སྲིད་དང་། དཔལ་འབྱོར། ཐབས་བྱུས་བཅས་གང་ཅིའི་ཐོག་ནས་ཁ་གཏད་གདོང་ལེན་གྱི་ལས་དོན་སྤེལ་ཡོད་ཀྱང་།  རྒྱ་ནག་འདི་མི་འབོར་ཐེར་འབུམ་ ༡།༣ ལྷག་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། གཅིག་བཏུས་དབང་ཆ་ཇི་ཙམ་ཆེ་རུ་སོང་བ་འདིའི་ཚོད་ཀྱིས་རྒྱ་ནག་མི་མང་ཁྲོད་ནས་གྱེན་ལངས་བྱེད་རྒྱུའི་ཉེན་འགན་འདི་ཡང་ཇེ་ཆེར་འགྲོ་རྒྱུ་ཡིན་པ་ལྡོག་ཏུ་མི་རུང་བའི་གནས་བབ་ཡིན་པ་བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་འགྲེལ་བརྗོད་གནང་གི་འདུག
ད་ལྟའི་ཆར་སྐབས་ ༡༩ པའི་དམར་ཤོག་འགོ་ཁྲིད་ཀྱི་ཚང་འཛོམས་གྲོས་ཚོགས་ཚོགས་དུས་  ༦ པ་ཟིན་པ་དང་། འདིའི་ཐོག་ནས་སྐབས་ ༢༠ པའི་དམར་ཤོག་འགོ་ཁྲིད་ཀྱི་གྲོས་ཚོགས་དང་པོ་སྟེ་ ༢༠༢༢ ཕྱི་ཟླ་ ༦ པའི་རྗེས་སུ་ཚོགས་རྒྱུའི་ཚོགས་རྒྱུའི་ཚོགས་འདུའི་གྲ་སྒྲིག་གི་ལས་དོན་ཁག་ཟིན་ཡོད་པ་དང་། འཛམ་གླིང་རྒྱལ་ཁབ་མང་པོས་དོ་སྣང་བྱེད་སའི་ཆབ་སྲིད་ཀྱི་གནད་ལུགས་གལ་ཆེན་ཞིག་ཏུའང་གྱུར་ཡོད་པ་རེད།
གསར་འགོད་པ། བཀྲ་ཤིས་དབང་ཕྱུག
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎